Monday, February 27, 2023

Monday, October 31, 2022

༄༅། །གསང་སྔགས་ཀྱི་རུས་པའི་རྒྱན་དྲུག་དང་དཔལ་གྱི་ཆས་བརྒྱད། དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་པའི་འབྱུང་རབས་དང་བརྡ་དོན།

དང་པ་དབུ་རྒྱན། དེའི་མཚོན་ཚུལ། རུས་པའི་རྒྱན་དེ་དག་གི་འབྱུང་རབས། དེ་དག་གི་བརྡ་མཚོན་དང་དོན་བཅས་ལྔ་་ལས། དང་པོ་ཁྲོ་བོའི་དབུ་རྒྱན་ནི་མི་མགོའི་ཐོད་སྐམ་གྱི་དབུ་ཞྭ་ཡིན་ཏེ། དེ་ལྟ་བུའི་ཐོད་སྐམ་ནི་ལྷ་ཁྲོ་བོའི་དབུ་རྒྱན་མཛེས་ཅིང་གཟི་བརྗིད་ཆེ་བ། ཞི་བས་འདུལ་བར་མི་ནུས་པ་གདུག་པ་ཅན་རྣམས་རྔམ་པ་དང་ཁྲོ་བོའི་སྒོ་ནས་འདུལ་བའི་རྟགས་སུ་ཕྱི་ལྟར་དུ་མི་མགོའི་ཐོད་སྐམ་ལྔའི་དབུ་རྒྱན་གྱིས་བརྒྱན་ནས་ཡོད། དེ་ལྟར་བརྒྱན་དགོས་པའི་རྒྱུ་མཚན་ནི། འཇམ་དཔལ་མཚན་བརྗོད་ལས། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །ཞེས་གསུངས་པ་ལྟར། ཕྱི་ལྟར་མི་མགོའི་ཐོད་སྐམ་གྱིས་བརྒྱན་ཅིང་གར་དགུའི་ཉམས་དང་ལྡན་པ་ཤིན་ཏུ་འཇིགས་སུ་རུང་བའི་ཁྲོ་བར་སྣང་བ་ནི་བསྟན་པ་དང་འགྲོ་བ་རྣམས་ལ་ཚེ་བའི་བདུད་དང་ཞིང་བཅུང་ཚང་བའི་དགྲ་བོ་དང་དམ་ཉམས་སྐྱེ་བོ་རྣམས་ཀྱི་སྲོག་དམར་མོ་བཅད་པའི་རྟགས་བསྟན་པ་ཙམ་མ་གཏོགས་སེམས་གཏིང་ནས་ཞེ་སྡང་དྲག་པོས་ཁྲུགས་པ་ནི་མ་ཡིན་ཏེ། ནང་ལྟར་དམ་ལྡན་བསྟན་འཛིན་གྱི་སྐྱེ་བུ་དང་སྐལ་ལྡན་གྱི་སྐྱེ་བུ་རྣམས་རྗེས་སུ་བཟུང་བའི་མཚན་བཟང་སོ་གཉིས་དངདཔེ་བྱད་བརྒྱད་བཅུ་ཡིས་བརྒྱན་པ། འགྲོ་བ་སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལས་ལྷག་པར་བརྩེ་བའི་བྱང་ཆུབ་ཀྱི་སེམས་དཔག་ཏུ་མེད་པ་དང་ལྡན་ཡོད་དེ། དེ་ཡང་འཇམ་དཔལ་མཚན་བརྗོད་ལས། པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །ཞེས་དང་། སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱི་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོ་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ཞེས་གསུངས་པའི་ཕྱིར། ཁྲོ་བོ་ཞེས་པའི་གོ་དོན་ནི། གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ་ལས། ཁྲོ་བོ་ནི་གདུལ་བྱ་གདུལ་དཀའ་བ་ལ་རྗེས་སུ་ལྷག་པར་བརྩེ་ཞིང་། སྦྱོར་སྒྲོལ་གྱི་འཕྲིན་ལས་ཟབ་མོ་ཕུལ་དུ་བྱུང་བ་མངའ་བས་ན་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་སོགས་ཀྱི་ངོ་མཚར་རྨད་དུ་བྱུང་བ་སྟེ། ཇི་སྐད་དུ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་འགའ་ཞིག་གིས་གསུངས་པ་ལྟར་ན། ཁྲོ་བོའི་ལྷ་ཚོགས་དེ་ཉིད་རུས་པའི་རྒྱན་གྱི་བརྒྱན་དགོསཔ་འི་རྒྱུ་མཚན་ཡང་། རྣམ་དག་དྲན་པའི་ཆེད་ཡིན་པར་གསུངས། དེ་ཡང་ཇི་ལྟར་ཡིན་ཞེས་ན། གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ལ་རྣམ་རྟོག་ཡོད་པས། ལྷ་ཚོགས་དེ་དག་རྣམས་ནི་རྣམ་རྟོག་དང་གཏན་ནས་བྲལ་བ་ཡིན་པའི་བརྡ་རྟགས་སུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཡིན་པར་གསུངས་པས། དེ་བས་ན་ཐོད་སྐམ་གྱི་དབུ་རྒྱན་གྱིས་བརྒྱན་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་ལགས་སོ། །

 

གཉིས་པ་མཚོན་ཚུལ།

གོང་དུ་བཤད་པ་ལྟར་གདུག་པ་རྣམས་འདུལ་བའི་རྟགས་སུ་ཕྱི་ལྟར་མི་མགོའི་ཐོད་སྐམ་ལྔ་ཡི་དབུ་རྒྱན་གྱིས་རྒྱལ་བ་རིག་ལྔ་མཚོན་པ་དང་། གཞན་ཡང་ཐོད་སྐམ་ཕྱི་དཀར་བ་ནི་བདེ་བ་ཆེན་པོ་དང་། ནང་དམར་བ་ནི་ཤེས་རབ་སྟོང་པ་ཉིད་དང་། དེ་གཉིས་ཟུང་དུ་འབྲེལ་བ་ནི་དེ་ལྟ་བུའི་ལྷ་ཚོགས་དེ་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པར་མཚོན། ཁྲོ་བོའི་རལ་པ་བསིལ་བུར་ཐུར་དུ་འཕྱང་བས་ནི་རིགས་ཀྱི་བདག་པོ་དང་འབྲལ་བ་མེད་པར་མཚོན་པ་སོགས་མཚོན་ཚུལ་ཡང་དུ་མ་ཡོད།

 

གསུམ་པ་རུས་པའི་རྒྱན་དེ་དག་གི་འབྱུང་རབས།

སྤྱིར་ཁྲོ་བོའི་ལྷ་དེ་ལ་རུས་པའི་རྒྱན་ལྔ་དང་དྲུག དུར་ཁྲོད་ཀྱི་ཆས་བརྒྱད། དཔལ་གྱི་ཆས་བརྒྱད་དང་བཅུ། གཞན་ཡང་དབུ་གསུམ། ཕྱག་དྲུག་དང་ཞབས་བཞི་ལ་སོགས་པ་ཡོད་པ་ལས་དེ་དག་རྣམས་ནི། སྔོན་དཔལ་ཆེན་ཧེ་རུ་ཀའི་བདུད་མ་ཏྲམ་རུ་ཏྲ་བཏུལ་ནས་དེའི་ལུས་ཀྱི་དུར་ཁྲོད་ཀྱི་ཆས་ལ་སོགས་པ་དེ་དག་རྣམས་ཡེ་ཤེས་ཀྱི་ཆས་སུ་བྱིན་གྱི་བརླབས་ཏེ་རྒྱན་དུ་བཞེས་པ་ལགས་ཏེ། འོ་ན་ཇི་ལྟར་བཞེས་པ་ཡིན་ནམ་སྙམ་ན། དེ་ཡང་སྔོན་སངས་རྒྱས་ཀུན་ཏུ་བཟང་པོའི་བསྟན་པའི་མཇུག་ཏུ་ཡུལ་གྱི་མིང་འདུ་ལྗོངས་མཚམས་ཞེས་པའི་ནང་དུ་ཁྱིམ་བདག་ཀོའུ་ཀ་ལ་ཞེས་བྱ་བ་དེ་ལ་བུ་མིང་ཀུན་དཀྲིས་ཞེས་པ་ཞིག་དང་གཡོག་པོ་པྲ་མ་དེ་བ་ཞེས་པ་ཞིག་ཡོད་པ་དང་། དཔོན་གཡོག་དེ་གཉིས་འདུལ་བྱའི་ཞིང་དུ་གཟིགས་ནས་སྤྲུལ་སྐུའི་བསྟན་པ་མི་ནུབ་པར་བྱ་བའི་ཕྱིར། དགེ་སློང་ཐུབ་དཀའ་གཞོན་ནུར་སྐྱེ་བ་བཞེས། ལོངས་སྐུའི་བསྟན་པ་གསང་སྔགས་མི་ནུབ་པར་བྱ་བའི་ཕྱིར་སྔགས་འཆང་ཁྱིམ་བདག་ཆེན་པོར་སྐྱེ་བ་བཞེས། དེ་ནི་སྐུ་གཅིག་ལ་མཚན་གཉིས་སུ་གྲགས་པ་སྟེ། རྣལ་འབྱོར་ལྔའི་ལམ་ཆེན་ལ་ཉམས་ལེན་མཛད་དེ་ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐྱེས་བུ་དམ་པ་ཞིག་བྱུང་། དེའི་ཚེ་ན་ཁྱིམ་བདག་ཀོའུ་ཀ་ལའི་བུ་ཀུན་དཀྲིས་དང་གཡོག་པོ་པྲ་མ་དེ་བ་གཉིས་ཤིན་ཏུ་དད་དེ། ཐུབ་དཀའ་གཞོན་ནུ་དྲུང་དུ་ཕྱིན་ཏེ། ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །རང་ཉིད་ཅི་དགར་སྤྱོད་པས་རྣལ་འབྱོར་དུ། །འཕགས་པའི་བདེན་མཐོང་སྔགས་ཀྱི་དགོངས་ལོན་པར། །ཐབས་ལ་མཁས་པས་ཉེ་བར་གཟུང་དུ་གསོལ། །ཞེས་ཞུས་པ་ན། སྟོན་པ་ཐུབ་དཀ་ཤིན་ཏུ་ཐུགས་དགྱེས་ནས་དེའི་ཞལ་ནས། སྟོན་པས་ཡིན་ནོ་ངེས་སོ་ལེགས་སོ་བྱིན། །འཁོར་བའི་འཁོར་ལོ་ཇི་ལྟར་གནས་པ་དག །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །ཞེས་གསུངས་ནས་དཔོན་གཡོག་གཉིས་ཀ་རབ་ཏུ་བྱུང་ནས་ཀོའུ་ཀུན་དཀྲིས་ལ་ཆོས་མིང་ཐར་པ་ནག་པོ་ཞེས་བཏགས། པྲ་མ་དེ་བ་ལ་དན་ཕག་ཞེས་བཏགས་སོ། །དེ་ནས་ཐར་པ་ནག་པོས་སྟོན་པ་ལ། ཤིན་ཏུ་སྡུག་བསྔལ་བ་འཁོར་བའི་ལམ་ལས་གྲོལ་བའི་ལམ་དེ་གང་ལགས་ཅེས་ཞུས་པ་ན། སྟོན་པས་ཞལ་འཛུམ་མདངས་བསྟན་ནས། ཇི་བཞིན་དེ་ཉིད་མ་བཅོས་པར། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །འདི་མ་རྟོགས་པར་ཁམས་གསུམ་ན། །ལྟ་བ་རིམ་པ་གཞན་མེད་དོ། །ཞེས་གསུངས་པ་ན། དཔོན་གཡོག་དང་བཅས་པ་ཡི་རངས་ཏེ་འདོད་ཡོན་གྱི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་རང་གི་གནས་སུ་སོང་། དེ་ནས་ཐར་པ་ནག་པོས་སྒྲའི་རྗེས་སུ་འབྲངས་ནས་དོན་ལ་གོ་བ་མ་རྙེད། ངེས་པའི་དོན་མ་རྟོགས་པར་ཉོན་མོངས་མེ་བཞིན་དུ་འབར། ལུས་དམ་པའི་ཆ་བྱད་དུ་བྱས། སེམས་ངན་འགྲོའི་ལམ་ལ་བཞུགས། དངོས་པོ་བཞི་ལ་ཞེན་ནས་སྲོགས་བཅོད་པ་ལ་སོགས་པའི་ཆེན་པོ་བཞི་རང་ཁ་མར་སྤྱོད། གཡོག་དན་ཕག་གིས་དོན་གྱི་རྗེས་སུ་འབྲང་ནས་ལུས་མ་རབ་ཀྱིས་ཆ་བྱད་དུ་གནས། སེམས་དམ་པའི་ལམ་ལ་བཞུགས། དངོས་པོ་བཞིའི་དགོངས་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པས། དངོས་པོ་བཞི་ལ་མ་ཞེན་པར་སྤྱོད་ནས་ངེས་པའི་དོན་རྟོགས། དེ་ནས་ལོ་འགའ་ཞིག་གིས་རྗེས་སུ་དཔོན་གཡོག་གཉིས་ཀྱི་ལྟ་སྤྱོད་མ་མཐུན་པར་རྩོད་པར་གྱུར་ཏེ། ཐར་པ་ནག་པོ་མངོན་པའི་ང་རྒྱལ་སྐྱེས་ནས་དན་ཕག་ཁྱོད་ཀྱི་ལྟ་སྤྱོད་ལོག་པར་སྤྱོད་ཅེས་ཟེར། དཔོན་གཡོག་གཉིས་མ་མཐུན་པར་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་དྲིས་པ།  བདག་ཅག་གཉིས་ཀྱི་ལྟ་བ་གང་བདེན་ནམ་དྲང་པོར་གསུང་དུ་གསོལ་ཞེས་ཞུས་པ་ན། སློབ་དཔོན་ཐུབ་དཀའ་གཞོན་ནུས་ངས་གསོང་པོར་བརྗོད་ན། དན་ཕག་གིས་གོ་བ་ལྟར་ངེས་སོ་ཞེས་སྨྲས་པ་ན། ཐར་པ་ནག་པོ་ཞེ་སྡང་མེ་ལྟར་འབར་ནས། སློབ་དཔོན་ཡིན་པར་འདྲ་བ་ལ། ལྟ་བ་མི་འདྲ་བ་གཉིས་མི་སྲིད་དེ། གཉིས་ཀ་ཡིན་ནོ་ཞེས་མ་སྨྲས་པར། བདག་ངེས་པར་སུན་ཕྱུང་ངོ་སྙམས་ནས་བླ་མ་ལ་ལོགས་ལྟ་བསྐྱེད།  ཁམས་འདི་ཐམས་ཅད་བདག་གིས་དབང་དུ་བྱའོ་སྙམས་ནས་ཡུལ་ཕྱོགས་མཐའ་ལ་སྤྱུགས་ཏེ་རིང་དུ་སྤངས་སོ། །དེ་ནས་ཐར་པ་ནག་པོ་འཇིག་རྟེན་ཆོས་བརྒྱད་ལ་གཡེང་སྟེ་ལྷ་སྒོམ། སྔགས་བཟླས་མ་ཁོམ། བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས། འཇིག་རྟེན་ཐམས་ཅད་ལོག་པའི་ལམ་བསྒྱུར། ལོག་པའི་བརྟུལ་བཞུགས་ལ་གནས་ཏེ། ཕོ་མཐོང་ཚེ་ཐམས་ཅད་བསྒྲལ། མོ་མཐོང་ཚེ་ཐམས་ཅད་སྦྱོར་བ་བྱེད་ནས་དབང་དུ་བསྡུས། དུར་ཁྲོད་ཀྱི་མི་རོ་བླངས་ནས་ཟས་སུ་བྱས། ལྤགས་པ་གཡང་གཞི་བྱས་ནས་གྱོན། ལྕེ་སྤྱང་ནག་པོ་དང་། འཕར་བ་རྐང་རྡེབས། བྱ་གཅན་ཟིན་ལ་སོགས་པ་སེམས་ཅན་མང་པོའི་སྲོག་བཅད་ནས་ཤ་ཁྲག་ལ་སྤྱོད་ཅིང་།  བུད་མེད་སྨད་འཚོང་མའི་ཚོགས་མང་པོ་བསྡུས་ནས་ཆགས་པ་སྤྱད་དེ། དངོས་པོ་བཞི་ལ་བབ་ཅོལ་དུ་སྤྱད་པས། ཚེ་འཕོས་ནས་ལྕེ་སྤྱང་ནག་པོའི་ལུས་སུ་སྐྱེས་བ་ལྔ་བརྒྱ་ལེན། དེའི་རྗེས་སུ་སྦྲང་བུ་ཏྲེ་མ་ལ་སོགས་པ། དེའི་ཕྱི་མ་ངན་སྐྱུགས་ཀྱི་འདམ་ན་གནས་པ། དེའི་ཕྱི་མ་སྲོགས་ཆགས་ཀྱི་ལུས་ལ་གནས་ཤིང་ཟ་བའི་སེམས་ཅན་དུ་སྐྱེས། དེའི་རྗེས་སུ་རྡོ་དང་སྐམ་བྲག་ནང་ལ་གནས་པའི་སེམས་ཅན་གྱི་ལུས་བླངས། གཞན་ཡང་དུད་འགྲོའི་ལུས་དཔག་ཏུ་མེད་པ་དང་། ཡིད་དྭགས་ཀྱི་ལུས་གྲངས་ལས་འདས་པ་ཞིག་བླངས་པའི་རྗེས་སུ་རྡོ་རྗེ་དམྱལ་བ་དེ་ཉིད་ཀྱི་ཚེ་ཚད་བརྒྱད་ཁྲིར་གནས། དེ་ནས་སེམས་ཅན་དུད་གྲོ་ཤ་རུས་འཆ་བའི་ལུས་སུ་སྐྱེས། ཚེ་འཕོས་ནས་སྲུལ་པོ་གཉའ་ཕྲག་གི་བུ་སྲུལ་པོ་རྟོག་འདོད་ཅན་ཞེས་བྱ་བར་སྐྱེས་བ་སྟོང་ཕྲག་ཉི་ཤུ་མཐར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་བར། སྲིན་ཡུལ་ལངྐ་པཱུརྞ་ཞེས་བྱ་བའི་ཡུལ་དེར། ཕ་ལྷ་འདྲེ་མི་བསྲུན་པ་གསུམ་དང་། མ་སྨད་འཚོང་མ་ཀུན་ཏུ་རྒྱུ་ཞེས་པ་དེ་ཉིད། སྲོད་ལ་བདུད། དགུང་ལ་བཙན། ཐོ་རངས་ལྷ་དང་འཁྲིགས་པའི་མངལ་དུ་ཆགས་པ་ཡིན་པས། མགོ་གསུམ་ཡོད་པ། ལག་པ་དྲུག་རྐང་པ་བཞི། ལུས་ལ་རང་བཞིན་གྱི་ཤོག་པ་ཡོད་པ། མགོ་རེ་ལ་མིག་གསུམ་གསུམ་ཡོད་པ། སྐྱེས་མ་ཐག་ཏུ་བཀྲ་མི་ཤིས་པ་རྟགས་མང་དུ་བྱུང་ཏེ་ནད་ཡམས་མུ་གེ་སྣ་ཚོགས་བྱུང་། བཀྲ་ཤིས་པའི་རྟགས་མཐའ་དག་ནུབ། སྐྱེས་ནས་ཟླ་བ་དགུ་སོང་བ་ན་བུའི་ནད་ལོག་སྟེ་མ་དེ་ཉིད་སྐྱེ་ལམ་དུ་ཕྱིན། ཡུལ་མི་རྣམས་ཀྱིས་མ་བུ་གཉིས་དུར་ཁྲོར་དུ་རོ་ཁང་བརྩིགས་ནས་སྐྱེལ་བས། བུ་དེས་ནུ་མ་འཇིབས་ནས་ཆུ་སེར་གྱི་ཞག་བདུན་འཚོ། དེ་ནས་ཁྲག་གིས་ཞག་བདུན། ནུ་མ་ཟོས་པས་ཞག་བདུན། ཤ་དང་རུས་ཀླད་པ་ཐམས་ཅད་ཟོས་ནས་ཞག་བཞི་བཅུ་རྩ་གཉིས་ལ་ལུས་ཤུགས་དར། བཟའ་རྒྱུ་མེད་པར་འགུལ་བས་རོ་ཁང་འགྱེལ། མཁའ་འགྲོ་མ་རྣམས་ཀྱིས་གཟིགས་པས་མི་རོ་རྣམས་ཟ་བ་མཐོང་། ཐོད་པར་ཁྲག་བླུག་བནྡྷ་ཁྲག་སྐྱོགས་བཟོས། ཟས་སུ་ཤ་ཟོས། སྐོམ་དུས་ཁྲག་འཐུངས། པགས་པ་གོས་སུ་གྱོན། སྦྲུལ་མཐོང་རྐང་གདུབ་དང་ལག་གདུབ་དོ་ཤབ་བྱས། སྟག་མཐོང་ཚེ་ཤ་ཟོས་ལྤགས་པ་ཤམ་ཐབ་བྱས། མི་མགོའི་ཐོད་པ་སྐམ་རློན་གྱི་ཕྲེང་བ་བྱས། མདོར་ན་ལུས་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན། ལག་ཏུ་དགྲ་སྟྭ་དང་ཏྲི་ཤུལ། ཁ་ཊྭཱཾ་གྱི་མཚོན་ཆ་འཛིན། འཛམ་བུ་གླིང་པ་རྣམས་ཀྱི་སྲོག་འཕྲོག་ཅིང་ཀུན་གྱིས་འགྲན་ཟླ་མེད་པ། འཚོ་བ་རོ་ལ་བརྟེན་པས་གཟི་འོད་དཔག་ཏུ་མེད་པ་འབར། མགོ་གཡས་དཀར་གཡོན་དམར་ལུས་ཐལ་སྐྱའི་མདོག་ཏུ་གྱུར་ཞིང་ཕག་པའི་སྤུ་སྐྱེས། རྐང་ལག་རྣམས་བྱའི་ལྡེར་མོ་ཅན། ལྷ་འདྲེ་མི་ཐམས་ཅད་དབང་དུ་བསྡུས་པས་འཇིག་རྟེན་གྱི་བདག་པོར་གྱུར་ཏེ། སེམས་ཅན་རྣམས་ལ་འཚེ་བ་སྣ་ཚོགས་བྱས་པ་མ་ཟད་ནད་རིགས་སྣ་ཚོགས་བཞི་བརྒྱ་རྩ་བཞི་ཡང་བྱུང་། མ་ཤ་ཟོས་པ་ལ་བརྟེན་ནས་མིང་མ་ཟོས་མ་ཏྲད་ཀ་བཏགས། སྲིན་པོའི་ཡུལ་བྱོན་ལག་ལྗོངས་པའི་རི་ལ་འབབ་སྟེ་སྲིན་ཡུལ་མཐའ་དག་དབང་དུ་བསྡུས་པས། དེའི་མིང་ཡང་སྲིན་པོའི་དེད་དཔོན་མ་ཊཾ་རུ་ཏྲ་ཟེར་བཏགས། དགའ་ལྡན་ལྷ་ཡུལ་ཡང་དབང་དུ་བསྡུས་པས། མདོར་ན་སྲིད་པ་གསུམ་ཐམས་ཅད་དབང་དུ་བསྡུས་ཅིང་གནོད་པ་སྣ་ཚོགས་བྱེད་པ་ན། རུ་ཏྲ་དེ་སངས་རྒྱས་ཀྱི་མཐུས་མ་གཏོགས་གཞན་གྱིས་བཏུལ་མི་ནུས་པ་དང་། དེ་མ་བཏུལ་ན་སངས་རྒྱས་ཀྱི་བསྟན་པ་མི་འཕེལ་བ་དང་རུ་ཏྲ་དེ་ཡང་ཕྱིས་སུ་འོག་ནས་འོག་ཏུ་འགྲོ་བར་མཁྱེན་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་དཔའ་རྣམས་ཀྱིས་ཡེ་ཤེས་སྤྱན་གྱིས་གཟིགས་པ་ན། ཐུབ་དཀའ་གཞོན་ནུ་དང་དན་ཕག་གཉིས་ཀྱི་འདུལ་བྱར་ཡིན་པར་མཁྱེན་ནས་བདེ་བཞིན་གཤེགས་རྣམས་ཀྱིས་དབང་བསྐུར། ཐུབ་དཀའ་རྡོ་རྗེ་སེམས་དཔར་སངས་རྒྱས། དན་ཕག་ལག་ན་རྡོ་རྗེར་གནས་གྱུར་ནས་བདེ་བཞིན་གཤེགས་པས་བཀའ་བསྒོས་པས། དཔལ་ཆེན་པོ་རྡོ་རྗེ་འཛིན་པ་དེ། དཔལ་འཇིགས་བྱེད་དཔའ་བོ་ཆེན་པོར་སྤྲུལ་ནས་མ་ཊམ་རུ་ཏྲ་དེ་བཏུལ། རུ་ཏྲའི་ཆས་རྣམས་ཡེས་ཤེས་ཀྱིས་ཆས་སུ་བྱིན་གྱིས་བརླབས། རུ་ཏྲའི་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་རྣམས་དཔའ་བའི་རྟགས་སུ་དཔལ་ཆེན་པོས་རྒྱན་ཉིད་དུ་བཞེས་པས། ཁྲོ་བོའི་ལྷ་ལ་དུར་ཁྲོད་ཀྱི་ཆས་དང་དཔལ་གྱི་ཆས། དབུ་གསུམ་དང་ཕྱག་དྲུག ཞབས་བཞི། ཤོག་ཡོད་པ། སྤྱན་གསུམ་ལ་སོགས་པ་ཡོད་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་པར་གསུངས། དེ་ནས་བཟུང་ཁྲོ་བོའི་ལྷ་ལ་དཔལ་གྱི་ཆས་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་བྱུ་བ་ལགས་ཏེ། དཔེར་ན་སྔོན་མི་རྣམས་ཀྱིས་གཅན་གཟན་སྟག་དང་གཟིག་བསད་ནས་དཔའ་རྟགས་སུ་གཅན་གཟན་དེ་དག་གི་པགས་པ་གོས་སུ་བྱས་པ་བཞིན་ནོ། །རུ་ཏྲ་དེ་ཉིད་རྣལ་འབྱོར་ཡོངས་ཀྱི་མགོན་པོ། གསང་མཚན་མ་ཧཱ་ཀ་ལར་བཏགས་ནས་རྡོ་རྗེ་ཐེག་པའི་གྲལ་དུ་བཞག་ཏེ། ཆོས་སྐྱོང་སྲུང་མའི་གཉེར་བྱང་གཏད་དེ་མ་འོངས་པ་སངས་རྒྱས་ཐོབ་པའི་ལུང་བསྟན་གནང་། བསྟན་པའི་བྱ་བ་བྱེད་དགོས་པར་ལུང་དུ་བསྟན་པ་བཞིན་ད་ལྟའི་བར་དུའང་སྲུང་མའི་བྱ་བ་མཛད་དེ་བཞུགས་ཡོད་པ་ཡིན་ནོ། །དེ་ལྟར་བཤད་པ་རྣམས་པདྨ་བཀའི་ཐང་ཡིག་གི་ལེའུ་ལྔ་པ་དང་དྲུག་པའི་ནང་དུ་གསལ་ལོ། །

 

བཞི་པ་བརྡ་མཚོན།

གོང་དུ་བཤད་པའི་རུས་པའི་རྒྱན་དྲུག་ནི།

༡༽ མགུལ་རྒྱན།  

༢༽ གདུ་བུ།

༣༽ རྣ་ཆ།

༤༽ དབུ་རྒྱན།

༥༽ མཆོད་ཕྱིར་ཐོགས།

༦༽ ཐལ་ཆེན་སྟེ་དྲུག་གོ ། ལ་ལས་ཐལ་ཆེན་གྱི་ཚབ་ཏུ་སྐ་རགས་བརྩིས་སྲོལ་ཡང་ཡོད། དེ་ལྟར་དྲུག་ནི་ཕར་ཕྱིར་དྲུག་མཚོན་བྱེད་ཀྱི་བརྡའོ། །

དཔལ་གྱི་ཆས་བརྒྱད་ཀྱི་བརྡ།

༡༽ དབུ་སྐྲ་གྱེན་དུ་བརྫེས་བ། འཁོར་བ་རུ་བཟློག་གི་བརྡ།                        

༢༽ རྡོ་རྗེ་ཁྱུང་གཤོག། ཐབས་དང་ཤེས་རབ་ཀྱི་བརྡ།

༣༽ མཐིང་དམར་ཅོད་པཎ། རྟག་ཆད་གཟིལ་གྱིས་གནོན་པའི་བརྡ།

༤༽ སྤྱི་གཙུག་རྡོ་རྗེ་གླག་པ། རིགས་བདག་གི་བརྡ།

༥༽ དབང་གི་བསེ་ཁྲབ། གཟི་འབར་བགྲོད་པའི་བརྡ།                    

༦༽ གཉིས་མེད་སྦྱོར་བ། ཐབས་ཤེས་ཟུང་འཇུག་གི་བརྡ།

༧༽ དཔའ་བོ་ལྕགས་ཀྱི་ཆས། གནོད་གདུག་བཟློག་བྱེད་ཀྱི་བརྡ།                  

༨༽ རྡོ་རྗེ་མེ་ཡི་ཆས། ཉོན་མོངས་སྲེག་བྱེད་ཀྱི་བརྡ།

 

དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་བརྡ།

༡༽ མི་ལྤགས་ཀྱི་གཡང་གཞི། བརྩེ་བས་དོད་ཆགས་སམ་ཞེན་པ་ཕྲ་བ་ནས་དག་པའི་བརྡ།

༢༽ གླང་ཆེན་གྱི་ཀོ་རློན། མཁྱེན་པས་གཏི་མུག་བཅོམ་པའི་བརྡ།

༣༽ སྟག་ལྤགས་ཀྱི་ཤམ་ཐབས། ཕྲིན་ལས་དྲག་པོས་ཞེ་སྡང་བཅོམ་པའི་བརྡ།

༤༽ ཐོད་སྐམ་ལྔའི་དབུ་རྒྱན། དུག་ལྔ་དག་ཅིང་ཡེ་ཤེས་ལྔ་དང་རིགས་ལྔའི་བདག་ཉིད་ཅན་གྱི་བརྡ།

༥༽ སྦྲུལ་རྒྱན། ཀླུ་རིགས་དུག་པ་ཅན་རྣམས་གཟིལ་གྱིས་གནོན་པའི་བརྡ།

༦༽ སྨིན་མཚམས་ཐལ་ཆེན་གྱི་ཚོམ་བུ། ཁམས་དཀར་པོའི་བདེ་བ་ལམ་བྱེད་མཐར་ཕྱིན་པའི་བརྡ།

༧༽ མཁུར་ཚོས་ལ་རཀྟའི་ཐིག་ལེ། དམར་ཆ་ལམ་བྱེད་མཐར་ཕྱིན་པའི་མཚོན་བྱེད།

༨༽ མགྲིན་པར་ཞག་གི་ཟོ་རིས། བདག་ཛིན་མཐ་དག་དབྱིངས་སུ་ཞི་བའི་བརྡ

དེ་ལྟར་བཤད་པའི་རུས་པའི་རྒྱན་རྣམས་མཁས་པ་སོ་སོས་བཤད་ཚུལ་མི་འདྲ་བ་ཡོད་དོ། །

ལྔ་པ་དེ་དག་གི་དོན་ནི།

༡༽ ཕར་ཕྱིན་དྲུག་གིས་སྒོ་ནས་སེམས་ཅན་རྣམས་ཀྱི་འགྲོ་དོན་མཛད་པའི་རྒྱུ་མཚན་གྱི་རུས་པའི་རྒྱན་དྲུག །

༢༽ འཁོར་བར་སྐྱེ་བྱེད་ཀྱི་ལས་ཉོན་མཐའ་དག་སྤངས་པའི་རྒྱུ་མཚན་གྱིས་དབུ་སྐྲ་གྱེན་བརྫེས།         

༣༽ ཐབས་ཤེས་ཟུང་འཇུག་ཐོག་འགྲོ་དོན་མཛད་པའི་རྒྱུ་མཚན་གྱིས་རྡོ་རྗེ་ཁྱུང་གཤོག།

༤༽ རྟག་ཆད་ཀྱི་མཐའ་ལ་མི་གནས་པའི་རྒྱུ་མཚན་གྱིས་མཐིང་དམར་ཅོད་པཎ།

༥༽ རིགས་ཀྱི་བདག་པོ་ཡིན་པའི་རྒྱུ་མཚན་གྱིས་སྤྱི་གཙུག་རྡོ་རྗེ་གླག་པ།

༦༽ སྐུ་ལ་གཟི་བརྗིད་ཚད་མེད་ལྡན་པའི་རྒྱུ་མཚན་གྱིས་དབང་གི་བསེ་ཁྲབ།    

༧༽ ཐབས་ཤེས་ཟུང་འཇུག་གི་ཐོག་ནས་འགྲོ་དོན་མཛད་པའི་རྒྱུ་མཚན་གྱིས་གཉིས་མེད་སྦྱོར་བ།

༨༽ གནོད་པའི་གདུག་སྤྱོད་བཟློག་པའི་རྒྱུ་མཚན་གྱིས་དཔའ་བོ་ལྕགས་ཀྱི་ཆས།             

༩༽ ཉོན་མོངས་པ་མཐའ་དག་སྲེག་པར་བྱེད་པའི་རྒྱུ་མཚན་གྱིས་རྡོ་རྗེ་མེ་ཆས།

 

དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་བརྡ།

༡༽ བརྩེ་བས་འདོད་ཆགས་ཕྲ་བ་ཡང་མ་ལུས་པར་མཐའ་དག་སྤངས་པའི་རྒྱུ་མཚན་གྱིས་མི་ལྤགས་ཀྱི་གཡང་གཞི།

༢༽ མཁྱེན་པས་གཏི་མུག་མཐའ་དག་བཅོམ་པའི་རྒྱུ་མཚན་གྱིས་གླང་ཆེན་གྱི་ཀོ་རློན།

༣༽ ཕྲིན་ལས་དྲག་པོས་ཞེ་སྡང་མཐའ་དག་བཅོམ་པའི་རྒྱུ་མཚན་གྱིས་སྟག་ལྤགས་ཀྱི་ཤམ་ཐབས།

༤༽ དུག་ལྔ་ཡེ་ཤེས་ལྔ་དང་རིགས་ལྔ་རུ་གྱུར་བའི་རྒྱུ་མཚན་གྱིས་ཐོད་སྐམ་གྱི་དབུ་རྒྱན།

༥༽ ཀླུ་རིགས་དུག་པ་ཅན་མཐའ་དག་གཟིལ་གྱིས་གནོནན་པའི་རྒྱུ་མཚན་གྱིས་སྦྲུལ་རྒྱན།

༦༽ ཁམས་དཀར་པོའི་བདེ་བ་ལམ་དུ་བྱེད་པའི་རྒྱུ་མཚན་གྱིས་སྨིན་མཚམས་སུ་ཐལ་ཆེན་གྱི་ཚོམ་བུ།

༧༽ ཁམས་དམར་ཆ་ལམ་བྱེད་མཐར་ཕྱིན་པའི་རྒྱུ་མཚན་གྱིས་མཁུར་ཚོས་ལ་རཀྟའི་ཐིག་ལེ།

༨༽ འཁོར་བའི་རྩ་བ་བདག་འཛིན་ཕྲ་རག་མཐའ་དག་སྤངས་པའི་རྒྱུ་མཚན་གྱིས་མགྲིན་པར་ཞག་གི་ཟོ་རིས།

 

འཕྲིན་ལས་རྒྱལ་མཚན། ལེགས་སྦྱར་བ།

རིག་གཞུང་མཐོ་རིམ་སློབ་གྲྭ། ཀྲོང་གསར། སྟག་རྩེ།

Thursday, October 27, 2022

 

Tibetan Grammar Teaching in Dzongkha Language  ལེགས་བཤད་ལྗོན་དབང་།

Wednesday, June 15, 2022


སྙན་ངག་ལེའུ་བར་པའི་དཔེར་བརྗོད།

དང་པོ་རིགས་རང་བཞིན་བརྗོད་པའི་དཔེར་བརྗོད།
སྤངས་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དང་། །རང་བཞིན་བརྗོད་བྲལ་བསྟན་པའི་དམ་པའི་ཆོས། །
ལུས་ངག་ཡིད་ཀྱི་བསྙེན་བཀུར་ལས་འདས་པའི། །སྐྱབས་མཆོག་དཀོན་མཆོག་གསུམ་ལ་ལན་བརྒྱར་འདུད། །

ཉི་ཟེར་སྟོང་ལས་གཟི་མདངས་ཆེ་བའི་སྐུ། །ཚངས་སྲས་པི་ཝྃ་གླུ་ལས་སྙན་པའི་གསུང་། །
ཤེས་བྱའི་དཀྱིལ་མ་ལུས་མཁྱེན་པའི་ཐུགས། །སྨྲ་བའི་སེངྒེ་ཞབས་ལ་གུས་པས་འདུད། །

གཉིས་པ་བྱ་བ་རང་བཞིན་བརྗོད་པའི་དཔེར་བརྗོད།
ཤེས་བྱའི་གནས་ལུགས་འཇལ་བའི་ཤེས་རབ་ཀྱིས། །ཉོན་མོངས་ལ་སོགས་བདུད་བཞིའི་དཔུང་ཚོགས་ཀུན། །
མིང་གི་ལྷག་མ་ཙམ་ཡང་མ་ལུས་པ། །འཇིག་མཛད་འཇམ་དཔལ་གཞོན་ནུའི་སྐུ་ལ་འདུད། །

མཁས་པའི་བ་དན་འཇིག་རྟེན་གསུམ་དུ་བསྒྲེངས། །བཙུན་པའི་འདུལ་ཁྲིམས་སྟོན་པའི་བཀའ་བཞིན་སྲུང་། །
བཟང་པོའི་ལམ་དུ་འགྲོ་ཀུན་འདྲེན་པའི་ཕྱིར། །མགྲོན་དུ་འཕེབས་མཛད་མི་ཕམ་ཞབས་ལ་འདུད། །

གསུམ་ཡོན་ཏན་རང་བཞིན་བརྗོད་པའི་དཔེར་བརྗོད།
གང་གི་བཞིན་བཟང་ཡིད་ལ་དྲན་ཙམ་གྱིས། །བསྐལ་བརྒྱར་ཉལ་བའི་སྙིང་གི་མུན་སེལ་ནས། །
ཆོས་དབྱིངས་འཇལ་བའི་སྤོབ་པ་རྒྱས་མཛད་པའི། །འཇམ་དཔལ་སྨྲ་བ་སྙིང་ལ་སིམ་པར་མཛོད། །

བརྡ་ཚིག་སྤྲོས་པའི་ཡུལ་ལས་རབ་འདས་ཞིང་། །གནས་སྣང་དབྱེར་མེད་དོན་དམ་ཆོས་ཀྱི་དབྱིངས། །
སྒོམ་པ་ཙམ་གྱིས་ལྟ་ངན་རབ་འབྱིན་པའི། །སྔ་འགྱུར་རྙིང་མའི་ལྟ་བ་ཡ་མཚན་ཆེ། །

བཞི་པ་རྗས་རང་བཞིན་བརྗོད་པའི་དཔེར་བརྗོད།
ལང་ཚོ་རབ་རྒྱས་བཅུ་དྲུག་གཞོན་ནུའི་སྐུ། །དྲེགས་པ་འཇོམས་མཛད་ཤེས་རབ་རལ་གྲི་བསྣམས། །
མི་སྡུག་བསལ་ཕྱིར་ལྷ་རྫས་རྒྱན་གྱིས་སྤྲས། །སྨྲ་བའི་སེངྒེ་ཞབས་ལ་གུས་པས་འདུད། །

ཟ་འོག་བེར་སྨུག་སྐུ་ལ་བརྗིད་པར་གསོལ། །མཚན་དཔེའི་གཟི་བརྗིད་སྟོང་གསུམ་ཉིན་དང་མཉམ། །
དུས་གསུམ་འགྱུར་མེད་འགྲོ་ལ་བརྩེ་བའི་མགོན། །པདྨ་འབྱུང་གནས་ཞབས་ལ་ལན་བརྒྱར་འདུད། །

མངོན་པར་མཐོ་བའི་སེང་འཁྲི་ག་ལ་བར། །ཆོས་གོས་གསོལ་ཞིང་ཉམས་བཞག་ལྷུང་བསྣམས། །
མཚན་ཐོས་དྲན་པས་ཞིང་དེར་དབུག་འབྱིན་པའི། །འོད་དཔག་མེད་ཀྱི་ཞབས་ལ་གུས་ཕྱག་འཚལ། །


དཔེ་རྒྱན་སོ་ལྔ་ལས་ཆོས་དཔེའི་དཔེར་བརྗོད།
འཕགས་ཡུལ་མཁས་པ་ཡོངས་ཀྱིས་མགྲིན་ཅིག་ཏུ། །མཆོག་ཏུ་བསྔགས་པའི་ཕྱོགས་ཀྱི་གླང་པོ་ཡིས། །
ལེགས་གསུངས་ཟབ་མོ་རྟོགས་པར་དཀའ་བའི་ཚུལ། །མཐའ་བྲལ་རྒྱ་མཚོ་ཆེན་པོའི་རྗེས་སུ་འགྲོ། །

རབ་ཏུ་བརྗིད་པའི་མཚོ་འབྱུང་ལྷ་མོའི་ཞལ། །དབྱར་གྱི་ཀུན་ད་དམར་པོའི་རྗེས་སུ་འགྲོ། །
གསུང་སྙན་སྒྲོག་པའི་ཕྱག་གི་རྒྱུད་མང་ཡང་། །སྙན་འཇེབས་དྲི་ཟའི་གླུང་དང་ཡང་དག་མཚུངས། །

གཉིས་པ་དངོས་དཔེའི་དཔེར་བརྗོད།
བརྟན་པའི་འཁོར་ལོའི་མཁྱེན་རབ་མ་ལུས་པ། །གཅིག་ཏུ་བསྡུས་པའི་གཏེར་ཆེན་པདྨ་གླིང་། །
དབྱར་གྱི་ཆུ་སྐྱེས་ལང་ཚོ་རྒྱས་པ་བཞིན། །འཆད་རྩོད་རྩོམ་པའི་གཟི་འོད་རྣམ་པར་འཕྲོ། །

དཀར་གསལ་ལང་ཚོ་མ་ལུས་རབ་རྫོགས་པའི། །ཞལ་འཛུམ་མདངས་ལྡན་རྗེ་བཙུན་སྒྲོལ་མའི་སྐུ། །
སྟོན་ཀའི་སྤྲིན་བྲལ་ཟླ་ཟེར་ཤར་བ་བཞིན། །མཚན་དང་དཔེ་བྱད་གཟི་འོད་རྣམ་པར་བཀྲ། །

གསུམ་པ་བཟློག་པའི་དཔེའི་དཔེར་བརྗོད།
ཕ་མཐའ་བྲལ་བའི་རོལ་པའི་མཚོ་ཆེན་བདུན། །ལེགས་གསུང་ཟབ་མོ་བཞིན་དུ་རྟོགས་པར་དཀའ། །
ཅི་བདེར་རོལ་པའི་གདེངས་ཅན་བདག་པོ་ཡང་། །རིག་པའི་དཔའ་བོ་སེམས་དཔའ་ཉིད་དང་མཚུངས། །

སྣང་སྟོང་དབྱེར་མེད་སྤྲོས་པའི་མཚན་བྲལ་བཞིན། །མཐའ་བྲལ་ཡངས་པའི་མཁའ་ལ་དྲི་མ་མེད། །
གཟུགས་སྐུ་མ་འདྲེས་སོ་སོར་གསལ་བ་ལྟར། །རླུང་གི་རྒྱལ་མཚན་དཀྱི་འཁོར་རྣམ་པར་བཀྲ། །

བཞི་པ་ཕན་ཚུན་དཔེའི་དཔེར་བརྗོད།
རྟོག་གེ་ངན་པའི་སྒྲ་རྟོག་ལས་འདས་པའི། །བདེན་གཉིས་གནས་ལུགས་མན་མཁའི་རྗེས་སུ་འགྲོ། །
ཟད་མཐའ་བྲལ་བའི་ལྷ་ལམ་མཁའ་ཡངས་པོ། །ཟུང་འཇུག་ཉུག་མའི་གཤིས་དང་ཅི་མི་མཚུངས། །

དྲག་ཤུལ་རྔམ་བརྗིད་ལང་ཚོ་འབར་བའི་སྐུ། །ལྡེར་ཆགས་རྒྱལ་པོ་ཉིད་དང་ཡང་དག་མཚུངས། །
གཅན་ཟན་རི་དྭགས་ཚོགས་རྣམས་བསྐྲགས་མཛད་པའི། །འཕྲོག་བྱེད་གསང་བའི་བདག་གི་རྗེས་སུ་འགྲོ། །

ལྔ་པ་ངེས་པའི་དཔེའི་དཔེར་བརྗོད།
རིག་སྟོང་དབྱེར་མེད་གནས་ལུགས་འདོད་མའི་གཞི། །འཛིན་མེད་ཇི་བཞིན་འཇལ་བའི་མཚུངས་མེད་རྗེ། །
རྡོ་རྗེ་གཞོན་ནུ་དཔའ་བོ་ཁོ་ན་ལས། །གཞན་དང་ཆ་ཙམ་མཚུངས་པ་ཤིན་ཏུ་དཀོན། །

ཚུལ་གཉིས་ཟུང་དུ་འཇུག་པ་དབུ་མའི་ལམ། །ཐོག་མར་གསལ་མམཛད་བྷོ་ས་ཏྭ་ཞབས། །
སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཉིད་དང་མཚུངས། །གཞན་ནི་འགའ་ཞིག་དང་ཡང་དཔེར་མི་འོས། །

དྲུག་པ་ངེས་མེད་དཔེའི་དཔེར་བརྗོད།
ཟབ་ཞི་འོད་གསལ་འདུས་མ་བྱས་པའི་སྐུ། །ཇི་བཞིན་གཟིགས་ཅིང་གཞན་ལ་བསྡོམས་པའི་རྗེ། །
རྣམ་འདྲེན་བཞི་པ་ཐུབ་དབང་རྗེས་སུ་འགྲོ། །གཞན་ཡང་གནས་བརྟན་འཕགས་པའི་ཚོགས་དང་མཚུངས། །

འགྲོ་དྲུག་ཀུན་ལ་བུ་ལྟར་བརྩེ་བའི་མགོན། །འགྲོ་བའི་སྐྱེལ་མ་ཚངས་སྲས་མ་དང་མཚུངས། །
ལས་འབྲས་སྤང་བླང་གཞན་ལ་སྟོན་པའི་ཚུལ། །ཀུན་མཁྱེན་མི་ཕམ་མཆོག་གི་རྗེས་སུ་འགྲོ། །

བདུན་པ་བསྡུས་པའི་དཔེའི་དཔེར་བརྗོད།
ཤེས་བྱའི་གནས་ལུགས་མཁྱེན་པ་ཁོ་ན་ཡིས། །དྲང་སྲོང་གའུ་ཏམ་རྗེས་སུ་འགྲོ་མིན་ཏེ། །
མ་གྱུར་འགྲོ་ལ་བརྩེ་བས་རབ་དགོངས་ནས།  །དམ་པའི་ཆོས་ཀྱི་ལམ་བཟང་སྟོན་པས་མཚོན།  

རབ་མཛེས་གཞན་ཡིད་ཕྲོགས་པ་ཁོ་ན་ཡིས། །ཆུ་ཡི་ལང་ཚོའི་རྗེས་སུ་འགྲོ་མིན་ཏེ།  །
རྩུབ་བྲལ་འཇམ་པའི་བདེ་མཆོག་བསྐྲུན་ནུས་པའི། །ཁྱད་ཆོས་མ་ལུས་ཁྱོད་ལ་ཚང་བས་སོ། །

བརྒྱད་པ་ཕུལ་བྱུང་དཔེའི་དཔེར་བརྗོད།
མཚུངས་མེད་ཐུགས་ཀྱིས་ཤེས་བྱ་འཇལ་བ་དང། །རྣམ་འདྲེན་བཞི་པས་ཁོང་ཆུབ་པ་གཉིས། །
ཁམས་འདིར་འབྱོན་པའི་དུས་ཀྱི་ཁྱད་པར་ལས། །གཞན་དུ་བཙལ་བས་རང་ཉིད་ངལ་བ་ཙམ། །

མཐོང་བ་ཙམ་གྱིས་གཞན་ཡིད་འཕྲོག་ནུས་པའི། །བདག་གི་ཡིད་འོང་སྙིང་གི་མཛེས་མ་དང་། །
དབྱར་གྱི་མཛེས་པའི་སྟེང་འཐུང་དཀར་པོ་གཉིས། །སྣང་ཚུལ་ཙམ་ལས་ཁྱད་པར་གཞན་ལྟ་ཅི། །

དགུ་པ་རབ་བཏགས་དཔེའི་དཔེར་བརྗོད།
འོད་མདངས་གསལ་ཞིང་མུན་པ་ཀུན་འབྱིན་པའི། །ང་ལ་ཡོད་ཅེས་ཟླ་བ་སྙེམས་མི་དགོས། །
འགྲོ་བ་རྣམས་ཀྱི་མི་ཤེས་སྨག་རུམ་ཀུན། བཅོམ་པའི་ནུས་སྟོབས་དཔལ་མགོན་ཉིད་ལ་མཆིས། །


བཅུ་པ་རྨ་བྱུང་གི་དཔེའི་དཔེར་བརྗོད།
ཀུན་ལ་ཕན་པའི་བདེ་བྱུང་གཙུག་རྒྱན་དུ། །མ་རིག་འགྲོ་ལ་བརྩེ་བའི་བློ་མཆིས་ན། །
འགྲོ་བའི་སྐྱབས་མགོན་མཚུངས་མེད་ཁོ་བོའི་རྗེ། །རིག་འཛིན་རྡོ་རྗེ་ཉིད་དང་ཅི་མི་མཚུངས། །

མཛེས་ཅིང་ཡིད་དབང་ཕྲོག་པའི་ཀུ་མུད་གཉེན། །གལ་ཏེ་ཁྱོད་ཀྱིས་སྙན་པའི་གཏམ་གསུངས་ན། །
བདག་གི་གཏན་གྲོགས་ཡིད་འོང་མཛེས་མའི་ཞལ། །ཞལ་ཏུ་མཚུངས་ཤིང་ཁྱད་པར་མ་མཆིས་སོ། །

བཅུ་གཅིག་པ་རྨོངས་པའི་དཔེའི་དཔེ་བརྗོད།
རིག་སྟོང་འོད་གསལ་སྤྲོད་བྲལ་ཉུག་མའི་གཤིས། །མ་རིག་འགྲོ་ལ་ཇི་བཞིན་སྟོན་མཁས་པའི། །
མཚན་དཔེས་སྤྲས་པ་མཚུངས་མེད་ཤཀྱའི་ཏོག །ཡིན་པར་བསམ་ནས་ཟླ་བའི་རྗེས་སུ་འགྲོ། །

གཞོན་ནུའི་ལང་ཚོ་རབ་རྫོགས་མཛེས་པའི་སྐུ། །རྣ་བར་སྙན་ཅིང་ཡིད་དབང་ཕྲོག་པའི་གསུང་། །
ཁོ་བོའི་སྙིང་གི་མཛེས་ལྡན་ཡིན་སྙམ་ནས། །འཇིག་རྟེན་དབང་ཕྱུག་སྲས་མོའི་རྗེས་སུ་འགྲོ། །


བཅུ་གཉིས་པ་ཐེ་ཚོམ་དཔེའི་དཔེར་བརྗོད།
འགྲོ་བའི་མུན་སེལ་སྟོན་ཀའི་ཀུ་མུད་གཉེན། །སྐར་ཚོགས་ཀྱིས་མཐའ་ནས་སྐོར་རམ་ཅི། །
ཡང་ན་དཔལ་མགོན་ཉིད་ལ་སློབ་ཚོགས་ཀྱིས། །འཁྱུད་པ་ལགས་སམ་བདག་ཡིད་འཕྱང་མོ་ཉུག །

བཅུ་གསུམ་པ་གཏན་འབེབ་དཔེའི་དཔེར་བརྗོད།
སྲིད་གསུམ་སྙན་པའི་དབྱངས་ཀྱི་དཔལ་འཕྲོག་ཅིང་། །འཇལ་བ་ཙམ་གྱིས་ཟག་མེད་བདེ་བ་ཡང་། །
བདེ་བླག་སྦྱིན་ཕྱིར་དཔྱིད་ཀྱི་ཕོ་ཉ་མིན། །དེ་ནི་རྣ་བར་སྙན་པའི་སྒྲ་ཙམ་ཞིག །

བཅུ་བཞི་པ་སྦྱར་བའི་དཔེའི་དཔེར་བརྗོད།
མཚར་སྡུག་ལང་ཚོ་རྒྱས་པའི་བཞིན་རས་ཅན། །ཀུན་གྱི་སྙིང་ལ་བདེ་བའི་དཔལ་སྟེར་ཞིང། །
སྐྱེ་བོ་ཀུན་གྱི་རེ་མ་ལུས་པ། །བསྐོངས་མཛད་ངག་ལྷ་མོ་ཆུ་སྐྱེས་བཞིན། །

བཅོ་ལྔ་པ་མཉམ་ཉིད་དཔེའི་དཔེར་བརྗོད་ནི།
རྒྱལ་པའི་མྱུ་གུ་དཔལ་མགོན་ཀླུ་སྒྲུབ་ཞབས། །ཀུན་གྱིས་བསྔགས་པའི་དབྱར་གྱི་ཆུ་འཛིན་བཞིན། །
བདེ་བའི་འབྱུང་གནས་དམ་པའི་ཆོས་ཀྱི་ཆར། །རྒྱུན་དུ་འགྲོ་ལ་འབེབས་ལ་མཁས་པས་སོ། །

བཅོ་དྲུག་པ་སྨད་པའི་དཔེའི་དཔེར་བརྗོད།
དབྱར་གྱི་སྟེང་འཐུང་དཀར་པོ་སེར་བས་བཅོམ། །མཛེས་པའི་བུ་མོའི་བཞིན་དཔལ་དུས་ཀྱིས་འགྱུར། །
འཇིགས་དང་བྲལ་བའི་ཚངས་སྲས་མ་ཡི་ཞལ། །གཞལ་བར་ནུས་པའི་དཔེ་ནི་ཤིན་ཏུ་དཀོན། །

གཞོན་པའི་ལང་ཚོ་རྒས་པའི་བདུད་ཀྱིས་བཅོམ། །ཁ་དོག་མཛེས་པའི་སྤང་རྒྱན་མེ་ཏོག་ཡང་། །
སྟོན་ཀའི་དུས་སུ་རིམ་པར་ཉམས་འགྱུར་བས། །མྱུར་སྐྱོབ་མ་ཞལ་འགྲན་ཟླ་མ་མཆིས་སོ། །

བཅུ་བདུན་པ་བསྔགས་པའི་དཔེའི་དཔེར་བརྗོད།
ཟུང་འཛིན་མཐའ་བྲལ་ལྷ་ལམ་ཡངས་པ་ཉིད། །འབད་མེད་འདོད་གུར་སྦྲང་ཆར་འབྱུང་བའི་གནས། །
དེ་དག་ཉིད་དང་མགོན་ཁྱོད་བརྩེ་བའི་ཐུགས། །རྣམ་པར་ཀུན་ཏུ་ཅི་ཕྱིར་མཚུངས་མི་འགྱུར། །

མཐོང་བ་ཙམ་གྱིས་ཀུན་ཡིད་འཕྲོག་ནུས་པའི། །མཚར་སྡུག་ལང་ཚོ་རབ་རྒྱས་མཛེས་མའི་ཞལ། །
ལོ་འདབ་བརྒྱས་བརྒྱན་སྦྲང་རྩིའི་དཔལ་ལྡན་པའི། །ཆུའི་ལང་ཚོ་ཉིད་དང་ཅི་མི་མཚུངས། །

བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེའི་དཔེར་བརྗོད།
སྐྱོན་དུ་འགྱུར་རམ་ཡོན་ཏན་འཛིན་ཀྱང་རུང་། །བཅུ་ཕྲག་རིག་ལ་མཁས་པའི་རྒྱལ་སྲས་དང་། །
ལྷར་མི་ངོམ་པའི་ཤཀྱ་རྒྱལ་པོའི་ཞལ། །ཡར་ངོའི་ཟླ་ལྟར་མཛེས་ཞེས་བརྗོད་པར་འདོད། །

བཅུ་དགུ་པ་འགལ་བའི་དཔེའི་དཔེར་བརྗོད།
ངག་གི་དཔལ་ཐོབ་སྨྲ་བའི་དབང་ཕྱུག་ཞབས། །ཕྱི་ནང་གཉིས་ལ་མཁས་པའི་དཎྜི་དང་། །
ཀུན་གྱིས་འགྲན་མི་འོས་པའི་མི་ཕམ་བློ། །ཕན་ཚུན་མཚུངས་ཀྱང་རྣམ་པ་འགལ་བ་ཉིད། །

ཉི་ཤུ་པ་དགག་པའི་དཔེའི་དཔེར་བརྗོད།
དབྱར་གྱི་ཀུ་མུད་མཛེས་པ་འདམ་གྱིས་གོས། །ལྷ་ཡི་མེ་ཏོག་མཛེས་ཀྱང་རིག་པ་བྲལ། །
ལྟར་མི་ངོམ་པའི་རྒྱལ་ཡུམ་སྒྲོལ་མའི་ཞལ། །འགྲན་པའི་དངོས་པོ་སྲིད་པ་མ་ལགས་སོ། །

ཉེར་གཅིག་པ་མཛེས་པ་ངོ་བསྟོད་ཀྱི་དཔེའི་དཔེར་བརྗོད།
ལྷ་མཆོག་ཚངས་པ་ལྟ་བྱེད་ཟུང་བཞི་ཡིས། །རྣམ་པར་བརྒྱན་ཅིང་བདག་གི་དཔལ་མགོན་ཁྱོད། །
མཐའ་མེད་སྐྱེ་དགུའི་འདྲེན་བྱེད་ཟུང་ཞིག་གིས། །ཀུན་ལ་མཉམ་པར་གཟིགས་ལ་མཚུངས་པ་ཉིད། །

ཉེ་གཉིས་པ་དེ་ཉིད་བརྗོད་པའི་དཔེའི་དཔེར་བརྗོད།
དེ་ནི་དཔལ་ལྡན་ཚངས་སྲས་མ་ཡི་ཞལ། །ཀུན་གྱིས་སྡུག་པའི་དབྱར་གྱི་སྟེང་འཐུང་མིན། །
མཛེས་པའི་ལོ་འདབ་ལྡན་མིན་རིན་ཆེན་གྱིས། །དར་སྣ་གོས་ཀྱིས་འཇེབས་པར་སྤྲས་པས་སོ། །

ཉེར་གསུམ་པ་མཐུན་མིན་དཔེའི་དཔེར་བརྗོད།
སྲིད་ན་མཛེས་པ་མཆོག་གིས་ཆ་ཙམ་ཡང་། །མཚོན་པར་མི་ནུས་མྱུར་སྐྱོབས་མ་ཡི་ཞལ། །
སེམས་ཅན་ཀུན་གྱི་ཡིད་དབང་འཕྲོག་ནུས་པའི། །རང་ལས་གཞན་པ་སུས་ཀྱང་དཔེར་མི་འོས། །

ཉེར་བཞི་པ་བྱུང་མིན་དཔེའི་དཔེར་བརྗོད།
བརྗིད་ཆགས་བཀྲ་མདངས་ཆེ་བའི་ཉི་འོད་སྟོང། །གཅིག་ཏུ་བསྡུས་ཞིང་ལྟར་མི་བཟོད་པ་བཞིན། །
འགྲོ་བའི་སྐྱེལ་མ་མྱུར་སྐྱོབས་མ་ཡི་སྐུ། །རྣམ་པར་མཛེས་ཅིང་མཚར་སྡུག་ལང་ཚོ་རྒྱས། །

ཉེར་ལྔ་པ་སྲིད་མིན་དཔེའི་དཔེར་བརྗོད།
བཀྲ་བའི་ཉིན་ལས་ཧ་ལའི་དུག་ཕྲེང་དང་། །ཧ་རི་ཙན་དན་སྔོ་ལྗང་མཛེས་པ་ཉིད། །
མ་ལའི་འགྲོས་ཀྱི་དལ་བུ་གཡོ་བ་ལས། །ཚ་བའི་རེག་པ་འབྱུང་བར་སྲིད་དམ་ཅི། །

མི་བཟོད་སྡུག་བསྔལ་གྲངས་མེད་ཀྱིས་མནར་བའི། །འགྲོ་བ་ཀུན་ལ་བུ་ལྟར་བརྩེ་བའི་མགོན། །
མཚན་དཔེས་སྤྲས་པའི་ཟས་གཙང་སྲས་མཆོག་གིས། །ལམ་ངན་དམྱལ་བའི་གནས་སུ་ཁྲིད་དམ་ཅི། །

ཉེར་དྲུག་པ་མང་བའི་དཔེའི་དཔེར་བརྗོད།
ཡར་ངོ་ཚེས་པའི་ཟླ་གཞོན་བཀྲ་མདངས་ཆེ། །སྤྲིན་བྲལ་ལྷ་ལམ་རྒྱུ་སྐར་འོད་མདངས་གསལ། །
དཔྱིད་ཀྱི་མེ་ཏོག་བཞིན་མཛེས་པའི། །ཚངས་སྲས་མ་ཡི་ཞལ་བཟང་ཡིད་དུ་འོང་། །
ཉེར་བདུན་པ་རྣམ་འགྱུར་དཔེའི་དཔེར་བརྗོད།
ཀུན་མཁྱིན་མི་ཕམ་མཆོག་གིས་ཡེ་ཤེས་ནི། །འཇམ་དཔལ་གཞོན་ནུའི་ཐུགས་འཕྱུང་བ་བཞིན། །
ལས་འབྲས་སྤང་བླང་གཞན་ལ་བསྡོམས་པའི་གསུང་། །དབྱངས་ཅན་ལྷ་མོའི་ཞལ་ནས་དྲངས་པ་ལྟར། །

འཇམ་མཉེན་མཛེས་པའི་ཡིད་འོང་ཁྱོད་ཞལ་ནི། །ཆུ་སྐྱེས་གཞོན་ནུ་འབུམ་ནས་གདམས་པ་ལྟར། །
རྣ་བར་སྙན་པའི་ཁྱོད་ཀྱི་གསང་གཏམ་ཡང་། །དྲི་ཟའི་གླིང་བུ་སྟོང་པ་ལས་འཕྱུང་པ་བཞིན། །

ཉེར་བརྒྱད་པ་ཕྲེང་བའི་དཔེའི་དཔེར་བརྗོད།
ཇི་ལྟར་ལྷ་ཡི་རྫིང་རིང་ཁོན་ཡངས་བཞིན། །དཔལ་མགོན་ཤེས་བྱ་འཇལ་བའི་མཁྱེན་རྒྱ་ཆེ། །
རིས་མེད་ལྷ་རྣམས་ཅི་བདེར་རོལ་པ་བཞིན། །ཁྱོད་ཀྱི་གསུང་ལ་དད་པའི་མི་རྣམས་སྤྱོད། །

ཉེར་དགུ་པ་བཞིན་སྒྲ་གཅིག་པའི་དཔེའི་དཔེར་བརྗོད།
སྐབས་འགར་སྡུག་པའི་ཡུལ་ལ་ཞེན་པ་ལོག །རྒྱ་ལམ་རྒན་མོའི་གཟུགས་ལའང་ཆགས་པ་བསྐྱེད། །
བཅོས་མི་ནུས་པའི་ཤིན་ཏུ་གྱོང་པོའི་སེམས། །གླང་ཆེན་སྨྱོན་པ་བཞིན་དུ་འདུལ་བར་དཀའ། །

སུམ་ཅུ་པ་བཞིན་སྒྲ་དུ་མའི་དཔེའི་དཔེར་བརྗོད།
དབྱར་གྱི་འདབ་བརྒྱ་བཞིན་དུ་མཛེས་པའི་སྐུ། །དྲི་ཟའི་གླིང་བུའི་གླུ་བཞིན་སྙན་པའི་གསུང་། །
ཟས་སྲས་བཞིན་དུ་འགྲོ་ལ་བརྩེ་བའི་ཐུགས། །ཀློང་ཆེན་རབ་བྱམས་ཞབས་ལ་གུས་པས་འདུད། །

ཡར་ངོ་ཚེས་པའི་ཟླ་བཞིན་མཛེས་པའི་ཞལ། །ཀུ་མུད་བཞིན་དུ་འོད་མདངས་རྣམ་པར་འཕྲོ། །
ཉི་མའི་གཉེན་བཞིན་འཇམ་པའི་ཕྱག་གཉིས་ཀྱིས། །འགྲོ་བའི་མུན་ནག་ཉི་མའི་འོད་བཞིན་སེལ། །

ཚིག་ལྷུག་རྐང་པ་ཅན་གྱ་ིཡི་གུའི་མཐའ་མ་ལུ་ཤད་ཀྱི་ཐོབ་ལམ་ཡོད་མེད་ལུ་དཔྱད་པ།

 འདི་ནས་ཕབ་ལེན་གནང་རོགས། 

Monday, October 4, 2021

 རྒྱ་རིམ་པ་བདུན་དང་འབྲེལ་བའི་རྩོམ་རིགས། 

Enter Here


རྒྱ་རིམ་པ་བདུན་དང་དབུ་ཁྱུད་དང་འབྲེལ་བའི་རྩོམ་རིགས། 

རྡོ་རིང་གི་ཡི་གེའི་ལོ་རྒྱུས།