གུང་ལྷ་དཀར་པོའི་གསོལ་མཆོད་ཀྱི་ལོ་རྒྱུས།

༄༅། །གུང་ལྷ་དཀར་པོའི་གསོལ་མཆོད་ཀྱི་ལོ་རྒྱུས།

 

ཀ་དག་སྤྲོད་བྲལ་ཆོས་དབྱིངས་ཀློང་ཡངས་ནས། །ཀ་མེད་འཁྱམས་པའི་འགྲོ་རྣམས་གདུལ་དོན་དུ། །

ཀ་དག་ཁྲེགས་ཆོས་གསང་བསྔགས་རྫོགས་པའི་ཆོས། །ཀ་ལ་པིང་ཀའི་དབྱངས་ཀྱིས་འགྲོ་ལ་སྟོན། །

 

མ་གྱུར་མཁའ་ཁྱབ་འགྲོ་བའི་སེམས་ཅན་རྣམས། །མ་དག་འཁོར་བའི་འདམ་ནས་འགྲོལ་བྱའི་ཕྱིར། །

མ་ལྟར་བརྩེ་བའི་ཕྱག་གིས་སྡུག་བསྔལ་རྣམས། །མ་ལུས་སེལ་མཛད་དཔལ་ལྡན་བླ་མར་འདུད། །

ཞེས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པའི་མེ་ཏོག་མངོན་དུ་ཐོར་ནས་གང་ཞིག་འབྲི་བར་བྱ་བ་ལ།

 

 

༄༅། །ཞིབ་འཚོལ་གྱི་བཅུད་དོན།

 སྤྱིར་བཏང་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ སྔོན་གྱི་ལམ་སྲོལ་ཚུ་རིམ་པ་བཞིན་དུ་ མར་ཉམས་འགྱོ་དོ་ཡོདཔ་ལས་ འབྲུག་པའི་མི་སེར་ཚུ་ ཚ་གྱངས་ལང་དོ་ཡོདཔ་ཨིན། འདི་བཟུམ་སྦེ་ར་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ བྲག་ཙ་གཡུས་ཚན་ནང་ གུང་ལྷ་དཀར་པོ་ཟེར་མི་གསོལ་མཆོད་འདི་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ འགོ་འདྲེན་འཐབ་སྲོལ་ཡོད་རུང་ ཧེ་མ་འབད་བ་ཅིན་ ལོ་གཅིག་ལུ་ཚར་༣ འགོ་འདྲེན་འཐབ་ནི་ཡོདཔ་ཨིན་རུང་ ད་རིས་ནང་པ་འབད་བ་ཅིན་ ལོ་གཅིག་ལུ་ཚར་གཅིག་ ཕྲལ་ཕྲལ་ལོ་གཅིག་ལུ་ཚར་གཅིག་ཡང་ཕུལ་མི་ཚུགས་དོ་ཡོདཔ་ལས་ དུམ་གྲ་ཅིག་ཉམས་ཆགས་བྱུང་ནུག

 

       འདི་བཟུམ་ལྷ་གསོལ་འབད་ནི་གི་ལམ་སྲོལ་འདི་ ཉམས་ནི་གི་ཉེན་ཁ་ཡོདཔ་ལས་ དམིགས་ཡུལ་གཙོ་བོ་ ད་རིས་ནང་པའི་ན་གཞོན་ཚུ་མངཔོ་ར་ ཐིམ་ཕུག་ལས་ཕར་སོང་བཞིནམ་ལས་ རང་གི་གཡུས་མཚན་ནང་ཡོད་པའི་ ལམ་སྲོལ་ཚུ་གི་སྐོར་ལས་མི་ཤེས་དོ་ཡོདཔ་མ་ཚད་ ལམ་སྲོལ་ཁག་ཆེཝ་ཨིནམ་ཡང་མི་ཤེས་དོ་ཡོདཔ་ཨིན། དེ་འབདཝ་ལས་ ལམ་སྲོལ་འདི་ རྒྱལ་ཁབ་རང་བཙན་གྱི་ ངོ་རྟགས་ཨིནམ་ལས་ མ་འོངས་པའི་ན་གཞོན་ཚུ་གིས་ བྲག་ཙ་ཟེར་སའི་གཡུས་སྒོ་འདི་ནང་ལུ་ ལམ་སྲོལ་ག་ཅི་ར་བསྡད་ནུག་ག། འདི་བཟུམ་གྱི་ལམ་སྲོལ་འདི་ ས་གནས་ག་ཏེ་ལས་དར་ནུག་ག་ ལ་སོགས་པའི་སྐོར་ལས་ ཧ་གོ་ཚུགསཔ་མ་ཚད་ འབད་ཐང་གི་རིམ་པ་ཚུ་ཡང་ཧ་གོ་སྟེ་ ཤུལ་ལས་ན་གཞོན་ཚུ་གིས་ ཉམས་བསྲུང་འབད་ནི་གི་དམིགས་ཡུལ་ཨིན།

 

       གུང་ལྷ་དཀར་པོའི་གསོལ་མཆོད་ཀྱི་ འབད་ཐང་གི་རིམ་པ་དང་ དར་ཚུལ་གྱི་ལོ་རྒྱུས་ག་དེ་སྦེ་ར་ འདུག་ག་ བརྒྱུད་ཕྲིན་གྱི་ཐོག་ལས་དང་དངོས་སུ་སྦེ་འབྲེལ་བ་འཐབ་སྟེ་ ལྟཝ་ད་ གུང་ལྷ་གསོལ་མི་འདི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གུང་ལྷ་འདི་ཀུར་སྟོད་ཉ་ལམ་དུང་ལས་ཚུ་དར་ཡོདཔ་ད་ བྲག་ཙའི་གཡུས་མཚན་ནང་དར་ཏེ་ མི་ལོ་༥ ་དེ་ཅི་སོང་ཡོདཔ་སྦེ་ཨིན་པས། ལོ་རྒྱུས་ཚུ་དབྱེ་དཔྱད་འབད་དེ་ལྟ་བ་ཅིན་ གུང་ལྷ་འདི་ཀུར་སྟོད་ ཉ་ལམ་དུང་ལས་ཚུ་ དར་དརཝ་མེན་པར་ བཀྲ་ཤིས་གཡང་རྩེ་ གཏོང་ཞང་ལས་དར་ཡོད་པའི་ཁུངས། ཧེ་མ་དང་ད་ལྟོའི་བར་ནང་ འགྱུར་བ་ག་ཅི་ར་ སོང་ཡོདཔ་ཨིན་ནའི་སྐོར་ལས་ ཁུངས་བཙུན་ཐབས་ཤེས་ལག་ལེན་འཐབ་སྟེ་ ཐོབ་པའི་གྲུབ་འབྲས་ཚུ་བཀོད་དེ་ཡོདཔ་ཨིན།

 

 

༄༅། །ངོ་སྤྲོད།    

ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ ལམ་སྲོལ་མ་འདྲཝ་ལེ་ཤ་ཡོད་པའི་གྲལ་ལས་ གཅིག་འདི་ཡུལ་ལྷ་ཞི་བདག་ཚུ་ལུ་གསོལ་མཆོད་ཕུལ་ནི་གི་ ལམ་སྲོལ་འདི་ཨིནམ་ལས་ གུང་ལྷ་ཟེར་མི་འདི་ བོན་གྱི་ལྷ་ འོ་སྡེ་གུང་རྒྱལ་ཨིནམ་ལས་ ལྷ་འདི་ཡང་ ཡུལ་ལྷ་ཞི་བདག་གི་ཁོངས་སུ་བསྡུཝ་ཨིན། འདི་བཟུམ་གྱི་ལྷ་འོ་སྡེ་གུང་རྒྱལ་ལུ་གསོལ་མཆོད་ཕུལ་དེ་གསོལ་བ་བཏབ་ནི་འདི་ ཤར་ཕྱོགས་ཁ་ཐུག་ལུ་ མངཔོ་དར་སོང་ཡོདཔ་མ་ཚད་ གསོལ་མཆོད་སྐབས་འབད་ཐངས་ཡང་སོ་སོ་ཡོདཔ་ཨིན། ཨིན་རུང་འདི་བཟུམ་གྱི་ ལྷ་གསོལ་འབད་ནི་གི་སྲོལ་འདི་ དུས་ནམ་ལས་ ས་གནས་ག་སྟེ་ལས་ དར་ནུག་གའི་སྐོར་ལས་ལོ་རྒྱུས་དང་ ལ་ལོག་ཅིག་གིས་འདི་བཟུམ་གྱི་ལྷ་གསོལ་འབད་དགོ་པའི་ཁུངས་ཡང་བཀལ་ཚུགས་མེདཔ་ལས་ ཞིབ་འཚོལ་གྱི་རྩོམ་ཤོག་འདི་ནང་ལུ་ གསོལ་ཕུལ་ཐངས་ཀྱི་རིམ་པ་དང་ཕུལ་དགོ་པའི་ཁུངས། དར་ཚུལ་གྱི་ལོ་རྒྱུས་ཚུ་ཁ་གསལ་སྦེ་བཀོད་དེ་ཡོདཔ་ཨིན།

    

       མགོན་པོ་ཀླུ་སྒུབ་ཀྱིས། (nd) “ལམ་སྲོལ་རྙིང་པ་སྲོག་བཞིན་དུ། །གཅེས་ཞིང་གོང་འཕེལ་མ་བཏང་ན། །རྩ་བ་རུལ་བའི་ལྡོང་པོ་བཞིན། །མི་འདོད་བཞིན་དུ་འགྱེལ་བར་འགྱུར། །” ཟེར་གསུངས་དོ་བཟུམ་ ལམ་སྲོལ་འདི་རྒྱལ་ཁབ་ཀྱི་སྲོག་ཤིང་བཟུམ་ཅིག་ཨིནམ་མ་ཚད་ ང་བཅས་འབྲུག་མི་ཚུ་གི་ཡང་སྲོག་ཤིང་བཟུམ་ཅིག་ལུ་ ཆ་བཞག་དགོཔ་ཨིན། དེ་སྦེ་ཨིན་དགོས་པའི་ཁུངས་ཡང་། དེང་རབས་བསླབ་བྱའི་བཤད་འགྲེལ།[2] (n.d) ཟེར་བའི་ཀི་དེབ་ནང་བཀོད་དོ་བཟུམ་ རིག་གནས་འདི་མི་རིགས་ཀྱི་སྲོག་ཨིནམ་ལས་ འདི་ཉམས་པ་ཅིན་ མི་རིགས་འདི་ཡང་ཤི་ཚརཝ་ཨིན། དེ་མ་ཚད་རྒྱལ་ཁབ་འདི་ཡང་རང་དབང་མེད་པ་ གཞན་གྱི་མངའ་འོག་ལུ་ཐིམ་པའི་རྟགས་ཚན་ཡང་ རང་གི་སྔར་སྲོལ་ལམ་ལུགས་ཚུ་ག་ར་ཉམས། གཞན་གྱི་ལམ་སྲོལ་ཚུ་དར་མི་བལྟ་སྟེ་ཧ་གོ་ཚུགསཔ་ཨིན། དེ་འབདཝ་ལས་བརྟེན་ འཛམ་གླིང་ནང་གི་མི་རིགས་ཡོད་རེ་ཡོད་ཚད་ཅིགཔོ་གིས་ རང་རང་སོ་སོའི་ལམ་སྲོལ་གཙོ་བོ་བཟུངམ་མ་ཚད་ གཞན་ཁར་སྤེལ་ནི་གི་ཐབས་ལུ་ བརྩོན་ཤུགས་བསྐྱེད་དགོ་མི་རྒྱུ་མཚན་ཡང་ འདི་ལུ་བརྟེན་ཏེ་ཨིན།

 

      ཧེ་མའི་དུས་ལུ་འབད་སྲོལ་ཡོད་མི་ ལམ་སྲོལ་བཟང་པོ་ཚུ་ རིམ་པ་བཞིན་དུ་ མར་ངོའི་ཟླཝ་བཟུམ་ཉམས་འགྱོ་དོ་ཡོདཔ་ལས་ མ་འོངས་པ་ན་གཞོན་ཚུ་གི་སྐབས་ལུ་ རྒྱལ་ཁབ་འདི་རང་བཙན་སྦེ་གནས་དགོ་པ་ཅིན་ ནང་གི་ནོར་བུ་ལམ་སྲོལ་འདི་མ་ཉམས་པ་ བརྩིས་སྤྲོད་འབད་དགོཔ་ཁག་ཆེཝ་ལས་ ཕམ་བཟང་པོའི་སྐབས་ལུ་དར་ཏེ་ཡོད་པའི་ལམ་སྲོལ་བཟང་པོ་ཚུ་མ་ཉམས་པ་ཡུན་བརྟན་སྦེ་ གནས་ཐབས་ཀྱི་ཆེད་དུ་དམིགས་ཏེ་ བཀྲ་ཤིས་གཡང་རྩེ་ བྲག་ཙའི་གཡུས་མཚན་ནང་ཡོད་པའི་ གུང་ལྷ་དཀར་པོའི་གསོལ་མཆོད་ཟེར་མི་འདི་ དར་ཚུལ་གྱི་ལོ་རྒྱུས་ གསོལ་མཆོད་སྐབས་བྱ་འགོའི་རིམ་པ་ འགོ་ཐོག་ས་གནས་ག་ཏེ་ལས་དར་ནུག་གའི་སྐོར་ལས་ ཞིབ་འཚོལ་འབད་དེ་རྩོམ་ཤོག་འདི་ནང་ ཁ་གསལ་སྦེ་བཀོད་དེ་ཡོདཔ་ཨིན།  

དེ་ལས་གཞན་ཡང་ རྩོམ་ཤོག་འདི་ནང་ལུ་ ཁུངས་བཙུན་ཐབས་ཤེས་ལག་ལེན་འཐབ་སྟེ་ གུང་ལྷ་དཀར་པོའི་གསོལ་མཆོད་ཀྱི་ འབད་ཐང་གི་རིམ་པ་དང་ དར་ཚུལ་གྱི་ལོ་རྒྱུས་ཚུ་ ག་དེ་སྦེ་ར་ བཤད་ནི་འདུག་ག་ གཡུས་ཁའི་གོ་ཤེས་ཉན་ཤེས་ཡོད་མི་ མི་དག་པ་ཅིག་དང་ཅིག་ཁར་ བརྒྱུད་ཕྲིན་གྱི་ཐོག་ལས་དང་དངོས་སུ་སྦེ་འབྲེལ་བ་འཐབ་སྟེ་ཐོབ་པའི་སྙན་ཞུ་ཚུ་བཀོད་ཡོདཔ་མ་ཚད་ གསོལ་མཆོད་ཕུལ་ནི་གི་དུས་ཚོད། གསོལ་མཆོད་ཕུལ་དགོ་པའི་ཁུངས། དེ་ལས་གུང་ལྷ་དཀར་པོའི་འབྱུང་ཁུངས་ཚུ་ཡང་མི་འདི་ཚུ་གིས་ བཤད་མི་རྐྱངམ་ཅིག་ལུ་ཆ་བཞག་པར་ གཡུས་སྒོ་ནང་གི་འབད་ཐངས་ལྟ་སྟེ་ ཞིབ་འཚོལ་འབད་ཡོདཔ་མ་ཚད་ གཙོ་བོ་རྒྱལ་རབས་དང་ཆོས་འབྱུང་ཚུ་ནངལུ་བཤད་དེ་ཡོད་པའི་ལོ་རྒྱུས་ཚུ་ལུ་ གཞི་བཞག་སྟེ་ཞིབ་འཚོལ་འབད་དེ་ཡོདཔ་ཨིན།

 

དཀའ་ངལ་གསལ་བཤད།

གུང་ལྷ་ཟེར་མི་གསོལ་ཚུལ་འདི་ ཤར་ཕྱོགས་བཀྲ་ཤིས་གཡང་བརྩེ་ གཡུས་སྒོ་ནང་རྐྱངམ་ཅིག་མིན་པར་ གཡུས་སྒོ་གཞན་གྱི་ནང་ལས་ཕར་ཡང་ལེ་ཤ་ཡོད་མི་དང་འབྲེལ་ གསོལ་ཚུལ་ཡང་མ་འདྲཝ་ཡོདཔ་ཨིན། བཀྲ་ཤིས་གཡང་རྩེ་ བྲག་ཙའི་གཡུས་སྒོ་ནང་ལུ་འབད་བ་ཅིན་ མི་ཕལ་པ་ཚུ་གིས་ གསོལ་མཆོད་འབད་སྲོལ་ཅིག་དང་ ཆོས་སྲུང་དང་གཅིག་ཁར་ ལོ་རེ་ཆད་མེདཔ་ གསོལ་མཆོད་ཕུལ་དགོཔ་ལས་བརྟེན་ བོན་ཆོས་ཨིན་ན་ ནང་པའི་ཆོས་སྲུང་ཨིན་ན་ མ་དབྱེ་བ་ཕྱེ་མ་ཤེས་པར་ཡོདཔ་ཨིན།

 

                འདི་བཟུམ་གྱི་གསོལ་མཆོད་པ་མ་ཕུལ་བ་ཅིན་ གནོད་རྐྱེན་ མིག་ཏོ་དང་སོ་ལུ་ ན་ནི་དང་ཚ་ལ་སོགས་པ་ཚུ་ བྱུང་ནི་ཡོད་ཟེར་ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་རུང་ གསོལ་མཆོད་འབད་ནི་སྲོལ་འདི་ དུས་ནམ་ལས་ཚུར་ དར་དརཝ་ཨིན་ན་ ག་གིས་ཡང་མི་ཤེས་དོ་ཡོདཔ་ཨིན། ཡང་ཅིན་ ཧེ་མ་ལས་བོན་ལུགས་ཨིན་རུང་ ཤུལ་ལས་ནང་ཆོས་ལུ་གྱུར་གྱུརཝ་ཨིན་ན་ ཡང་ཅིན་ཧེ་མ་ལས་རང་ ནང་པའི་ཆོས་ ཨིམ་འོང་ག་ཡང་མི་ཤེས་པས། བྱུང་རབས་འདི་ཚུ་ནང་ལུ་བཤད་དོ་བཟུམ་སྦེ་བ་ཅིན་ གུང་ལྷ་གསོལ་ཚུལ་དང་རྒྱལ་པོ། བཙན། ཤིང་སྣའི་བསང་། འབྲུ་སྣའི་གསུར་འདི་ཚུ་ འཇིག་རྟེན་ཕལ་པ་གིས་ འདོད་སྨོན་ཁ་སྨྲེང་འབད་ནི་ཚུ་ བོན་ཨིནམ་སྦེ་བཀོད་དེ་འདུག

 

               ཨིན་རུང་ བཀྲ་ཤིས་གཡང་རྩེ་ བྲག་ཙའི་གཡུས་སྒོ་ནང་ འབད་སྲོལ་ཡོད་མི་ གུང་ལྷའི་གསོལ་མཆོད་འདི་ཡང་ འཇིག་རྟེན་ཕལ་པ་ ཡི་གུ་ངོ་ཡང་མ་ཤེས་མི་ འདི་ཚུ་གིས་ འདོད་སྨོན་ཁ་སྨྲེང་འབད་རུང་མ་བཏུབ་མེདཔ་མ་ཚད་ ཆོས་སྲུང་དང་ཅིག་ཁར་ ཆོ་གུ་བཏང་ཏེ་གསོལ་ཚུལ་ཡང་ཡོདཔ་ཨིནམ་ལས་ བོན་ལྷ་ཨིན་ན་མེན་ན་ ལེགས་ཤོམ་འབད་ངོ་ཕྱེ་མ་ཚུགས་པར་འདུག།

 

         དེ་འབདཝ་ལས་ འདི་བཟུམ་གྱི་ གུང་ལྷ་དཀར་པོའི་གསོལ་ཚུལ་འདི་ བོན་ཨིན་ན་མེན་ན་གི་ རྒྱབ་ཁུངས་དང་ ཧེ་མ་དུས་རབས་ ཡང་ཅིན་སྤྱི་ལོ་ ནམ་ལས་ བྱུང་གའི་ལོ་རྒྱུས། དེ་ལས་གསོལ་མཆོད་ཕུལ་ཐང་ཚུ་དང་ འབད་ཐང་གི་རིམ་པ་ཚུ་ཡང་ ཧེ་མ་དང་ད་ལྟོ་གི་བར་ན་ ག་དེ་སྦེ་འགྱུར་བ་གྱོ་ནུག་ག ལྷ་དེ་ལུ་གསོལ་མཆོད་ཕུལ་དགོ་པའི་ དགོས་པ་དང་རྒྱུ་མཚན། གསོལ་མཆོད་མ་ཕུལ་བ་ཅིན་གནོད་པ་ག་ཅི་རང་ཡོདཔ་ཨིན་ན་ དཀའ་ངལ་ཚུ་ ངོས་འཛིན་འབད་དེ་ མ་འོངས་པ་ན་གཞོན་ཚུ་གི་སྐབས་ལུ་ འདི་བཟུམ་གྱི་ལམ་སྲོལ་འདི་མི་ཉམས་ནི་གི་དོན་ལས་ ཁུངས་དང་དགོས་པ་ ལོ་རྒྱུས་ཚུ་ཁ་གསལ་སྦེ་ ཤེས་ཐབས་ལུ་དམིགས་ཏེ་ ཞིབ་འཚོལ་འབད་ཡོད་པའི་ གྲུབ་འབྲས་ཚུ་ ཁ་གསལ་འབད་བཀོད་དེ་ཡོདཔ་ཨིན།  

 

 

ཞིབ་འཚོལ་གྱི་དྲི་བ་གཙོ་བོ།

༡ སྤྱིར་བཏང་གུང་ལྷའི་གསོལ་མཆོད་ བྱུང་ཁུངས་ཀྱི་ལོ་རྒྱུས་ ག་དེ་སྦེ་ར་ཡོདཔ་ཨིན་ན།

 

 

ཡན་ལག་གི་དྲི་བ།

༡ གུང་ལྷ་ཟེར་མི་འདི་ བོན་ལྷ་གྱི་ལྷ་ཨིན་ན།

གསོལ་མཆོད་ཕུལཝ་ད་ལུ་ ཁྱད་ཆོས་ ག་ཅི་ར་ཚངས་དགོཔ་སྨོ།

གསོལ་མཆོད་མ་ཕུལ་བ་ཅིན་ གནོད་པ་དང་ ཕུལ་བ་ཅིན་ཕན་པ་ ག་ཅི་ར་ཡོད་ག།

༤ གསོལ་མཆོད་ཕུལ་ཐང་དི་ཧེ་མ་དང་ ད་ལྟོའི་བར་ན་ འགྱུར་བཅོས་ག་ཅི་རང་འགྱོ་འདི་ཡོད་ག།

༥ འདི་བཟུམ་ གསོལ་མཆོད་ཕུལ་ནི་གི་ སྲོལ་འདི་ དུས་ནམ་ལས་བྱུང་ཡི་ག།

༦ གུང་ལྷ་གསོལ་ནི་གི་ སྲོལ་འདི་ ཧེ་མ་ག་ཏེ་ལུ་དར་ནུག།

 

བྲིས་རྩོམ་སྐྱར་ཞིབ།

གངས་ཅན་བོད་ཆེན་པོའི་རྒྱལ་རབས་འདུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། (༢༡༣) ཟེར་མི་ཀི་དེབ་ནང་བཀོད་དོ་བཟུམ་འབད་བ་ཅིན་ གྲི་གུམ་བཅན་པོའི་བཙུན་མོ་ ཀླུ་སྲིན་མེ་ལྕམ་མངལ་ལས་ མི་མ་ཡིན་གྱི་བུ་ རུ་ལས་སྐྱེས་ཟེར་མི་གཅིག་ འཁྲུངས་ཞིནམ་ལས་འགོ་བཟུང་སྟེ་ གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་ཟེར་མི་གཉིས་བྱུང་ནུག ད་རུང་བོང་བུ་རྣ་བ་ཅན་ཟེར་མི་གཅིག་བྱུང་ཞིནམ་ལས་ ཁོ་ལོ་བཅུ་གཉིས་ལྷགཔ་འགྱོཝ་ད་ གཡུས་སྒོ་འདི་ནང་ལུ་ ལྷ་འདྲེ་འདི་ཡོད་ ཁོང་འདི་ཚུ་ལུ་ གསོལ་མཆོད་ཕུལ་ཐངས་འདི་ཚུ་ཡང་ ཁོ་གིས་ཤེས་དོ་ཡོདཔ་ཨིན་པས། དེ་ལས་འགོ་བཟུང་སྟེ་ ལྷ་དང་འདྲེ་ལུ་གསོལ་མཆོད་ཕུལ་ནི་གི་ལཱ་འདི་ འབད་ཡོདཔ་ལས་བརྟེན་ རྡོལ་ཟེར་མི་འདི་དར་ནུག དེ་ལས་འགོ་བཟུང་སྟེ་ མི་ཤིཝད་ལུ་ གཤིན་རྩིས་ལྟ་ནི་ ཕྱ་གཡང་འགུགས་ནི་ གདོན་འདྲེ་འདི་ཚུ་ལུ་ གསོལ་མཆོད་འབད་ནི་ ལ་སོགས་པ་ཚུ་དར་ནུག་ འདི་ལུ་ལྟ་བ་ཅིན་ དགུང་ལྷ་ལུ་གསོལ་མཆོད་ཕུལ་ནི་གི་སྲོལ་འདི་ཡང་ དེ་ལས་མར་དར་དརཝ་ཨིན་རུང་ བཀྲིས་གཡང་རྩེ་ བྲ་ཙའི་ཡུས་ཚན་ལུ་ དགུང་ལྷ་དཀར་པོའི་ མཆོད་སྲོལ་འདི་འབད་བ་ཅིན་ གྲི་གུམ་བཙན་པོའི་སྲས་དང་སྲསམོ་ཚུ་ལས་དར་ཡོདཔ་ལས་ འདི་གི་ལོ་རྒྱུས་འོག་ལུ་བཀོད་དེ་ཡོད། དེ་མ་ཚད་གཡུས་ཁའི་མི་རྒན་ཚུ་དང་འདྲིས་བསྟུན་འབད་དེ་ཐོབ་པའི་གནད་སྡུད་ཚུ་ཡང་ ཁ་གསལ་འབད་བཀོད་དེ་ཡོདཔ་ཨིན།

 

              འབྲུག་ཤར་ཕྱོགས་སུ་རྗེ་དཔོན་བྱུང་རབས་བྱིས་པ་དག་པའི་རྣ་རྒྱན་ (n.d) ལུ་བཤད་དོ་བཟུམ་སྦེ་བ་ཅིན་ འབྲུག་ཤར་ཕྱོགས་ཀྱི་མི་ ཡིག་ངོ་ཙམ་ཡང་མ་ཤེས་མི་ འདི་ཚུ་གིས་ཡང་ ལྷ་འདི་དང་འདི་ཡོད་ མི་ནཝ་ད་ལུ་ འདི་ཚུ་ལུ་གསོལ་མཆོད་འབད་ཐངས་ བསང་དང་གསུར་བཏང་ཐངས་ ཇ་སྐྱེམ་དང་ཆང་སྐྱེམ་ཕུལ་ཐངས་ རྒྱལ་པོ་དང་བཙན་ལུ་གསོལ་མཆོད་ཕུལ་ཐངས། དེ་ལས་གཞན་ཡང་ མི་འདི་ཚུ་ནཝ་ད་ལུ་ ཆང་ཕུད་སྐྱོགས་ལུ་བཀང་སྟེ་གཏོར་ནི་དང་ ཕྱེ་གསུར་བཏང་ནི་ གཤིན་འདྲེ་དང་བདུད་ལ་སོགས་པའི་མིང་འབོད་ཞིནམ་ལས་ ཁ་སྨྲེང་འབད་ནི་ལ་སོགས་པ་ཚུ་ གྲ་གུམ་བཙན་པོའི་སྲས་ ཉ་ཁྲི་འདི་བོད་ལས་འབྲུག་ཤར་ཕྱོགས་ལུ་བྱོན་ཞིནམ་ལས་ཚུར་ དར་ཡོདཔ་བཤད་དེ་འདུག འདི་ལུ་ལྟཝ་ད་ ང་བཅས་ཀྱི་གུང་ལྷ་ལ་སོགས་པའི་གསོལ་མཆོད་འབད་མི་འདི་ བོན་ལུགས་ཨིནམ་ཡང་གསལ་ཏོག་ཏོ་ཤེ་ཚུགས་རུང་ གཡུས་ཁའི་མི་ཚུ་གིས་ ནང་ཆོས་དང་བོན་ལུགས་ཨིན་མེན་ ཁུངས་བཀལ་ཏེ་ ཡིག་ལུ་བྲིས་ཏེ་མེད་རུང་  མཐོང་ཐོས་དྲན་གསུམ་ལྡན་པའི་གཡུས་ཁའི་མི་དང་ འབྲེལ་གཏོགས་འབད་དེ་ ཁུངས་ཚུ་ཁ་གསལ་འབད་ རྩོམ་ཤོག་ནང་བཀོད་དེ་ཡོད།

           ད་རུང་ཡང་དོན་ཚན་འདི་གུ་ཞིབ་འཚོལ་མཐིལ་ཕྱིན་འབད་དེ་མེད་རུང་ བོན་ཆོས་དང་འབྲེལ་བའི་ཞིབ་འཚོལ་དང་རྩོམ་རིག་ལེ་ཤ་བྲིས་ཏེ་ཡོད་ས་ལས་ ཨྱོན་དཔལ་རྒྱན་གྱིས་“Kharphud-A Non Buddhist Lhasol Festival of Eastern Bhutan”་ནང་སྤྱིར་བཏང་ནང་པའི་ ལྟ་བ་ལས་གཞན་པའི་འཇིག་རྟེན་མི་ནགཔ་གིས་མཆོད་སྲོལ་ག་ར་བོན་ཆོས་སྦེ་ བཤད་སྲོལ་ཡོད་རུང་ ད་ལྟོ་བཀྲིས་གཡང་ རྩེའི་རྫོང་ཁག་ བྲག་ཙའི་གཡུས་ཚན་ནང་མཆོད་སྲོལ་ཡོད་པའི་ དགུང་ལྷའི་ གསོལ་མཆོད་འདི་ཡང་ བོན་མཆོད་ཨིན་ན་མིན་ན་ལེགས་ཤོམ་སྦེ་ བརྟག་ཞིབ་འབད་དེ་ཡོད།

 

      ད་རུང་ རྡོ་རྗེ་དཔལ་འབྱོར་གྱིས་ “Wamling Kharphu: A Vibrant Ancient Festival”་ཟེར་མི་རྩོམ་རིག་ནང་ འཇིག་རྟེན་ནང་ མི་མ་ཡིན་པའི་ ལྷ་ འདྲེ་ བདུད་ གཤིན་འདྲེ་ གདོན་དང་འབྱུང་པོ་གང་ རུང་ལུ་མཆོད་ནི་ ཡོད་པའི་བྱ་བ་ཐམས་ཅད་ བོན་ཆོས་སྦེ་བཤདཔ་ཨིན་མས། ཁོ་གིས་བཤད་ མིའི་ནང་ ཝམ་གླིང་མཁར་ཕུད་འདི་ སྤྱིར་བཏང་མི་ཕྱུགས་ལུ་ནད་ཡམས་དང་མུ་གེ་ ད་རུང་ལོ་ཕྱུགས་རྟག་ཏུ་ལེགས་ནིའི་ཐབས་ལུ་ མཆོདཔ་ཨིན་པའི་གནད་དོན་བཤད་ནི་འདུག མ་གཞི་དགུང་ལྷ་མཆོད་ནི་འདི་ཡང་ མིའི་ཚེ་སྲོག་དང་ལྷག་པར་དུ་ཡང་ མིའི་མིག་གི་དབང་པོ་གསལ་བའི་ཆེད་དུ་ མཆོད་སྲོལ་ཡོདཔ་ད་ ཐད་ཀར་དུ་མི་རྒན་ཤོས་དང་ཉམས་མྱོངས་ ཅན་ཚུ་ལུ་འདྲིས་བསྟུན་མ་འབད་བར་ བསམ་ཚོད་ཐོག་ ལས་བོན་ཆོས་སྦེ་ཆ་བཞག་ནི་འདི་ ལུང་པ་འདི་ནང་གི་ལམ་སྲོལ་ལུ་གུས་བཏུད་དང་བརྩི་མཐོང་མེདཔ་ འགྱོ་ནི་ཨིནམ་ལས་ ཁོང་ཚུ་ལུ་འདྲིས་བསྟུན་འབད་དེ་ ཁུངས་དང་རྒྱུ་མཚན་ཡང་དག་དང་ དགོས་པ་ཁ་གསལ་ཅིག་བཟོ་ནིའི་གོ་སྐབས་ཐོབ་ཅི།

 

        གཞན་ཡང་མཁས་དབང་བཀྲིས་དབང་མོ་ Francoise Pommaret (༡༩༩༩)གིས་ “YUL AND YUL LHA: The Territory and its Deity in Bhutan”ཟེར་མིའི་རྩོམ་རིག་ནང་ ཡུལ་ལྷ་ཚུ་ལུ་གསོལཝ་བཏབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ ཡུལ་དང་ལུང་པ་ནང་ ཞི་བདེ་དང་ དགའ་སྐྱིད་འོང་ཐབས་ལུ་ ཡུལ་ལྷ་ཚུ་ལུ་དུས་ཚོད་དང་བསྟུན་ཏེ་ ཚོགས་བཤམས་ཏེ་གསོལཝ་བཏབ་ནི་ཡོད་ཟེར་ ཨིན་པའི་ཁར་གཞན་ཡང་ དཔལ་འབྱོར་གྱིས་བཤད་དོ་བཟུམ་སྦེ་ མི་ཕྱུགས་འཕེལ་ཏེ་ལོ་ཐོག་ལེགས་པའི་ཐབས་ལུ་དམིགས་ཏེ་ མཆོད་པ་ཕུལཝ་ཨིནམ་སྦེ་ བཤད་དེ་ཡོད་རུང་ དགུང་ལྷ་ལུ་གསོལ་མཆོད་འབད་དགོ་པའི་དགོས་པ་ཡང་ སྤྱིར་བཏང་མི་ཚུ་གི་ མིག་གི་དབང་པོ་གསལ་ནི་གི་དོན་ལས་ཨིན་ཟེར་བཀོད་དེ་ཡོད་རུང་ འདི་བཟུམ་གྱི་ཡུལ་ལྷ་གསོལ་ནི་གི་ སྲོལ་འདི་དུས་ནམ་ལས་བྱུང་ནུག་ག་ཁ་གསལ་ག་ནེ་ཡང་མེད་རུང་ རང་གིས་ཞིབ་འཚོལ་འབད་དེ་ཁ་གསལ་ བཀོད་དེ་ཡོད།

 

      གཞན་ཡང་སློབ་དཔོན་བསྟན་འཛིན་རྡོ་རྗེ་གིས་བརྩམས་པའི་ འབྲུག་ཤར་ཕྱོགས་སུ་རྗེ་དཔོན་བྱུང་རབས་བྱིས་པ་དག་པའི་རྣ་རྒྱན་ (n.d) ནང་དགུང་ལྷའི་སྐོར་ལས་དུམ་གྲ་ཅིག་བཤད་དེ་འདུག་ ཨིན་རུང་ཡང་ ད་ལྟོའི་མཆོད་སྲོལ་དང་ དང་ཕུག་གི་མཆོད་སྲོལ་གཉིས་ཀྱི་ཁྱད་པར་སྐོར་ལས་ག་ནི་ཡང་མ་འབྲི་བར་ ཐད་ཀར་དུ་ ལོ་རྒྱུས་ ཆུང་ཀུ་ལས་བརྒལ་མེདཔ་ལས་ དེ་ལུ་གཞི་བརྟེན་འབད་དེ་ བོན་ཆོས་ཨིན་མེན་དང་དགོས་པ་འབྱུང་ཁུངས་ གསལ་ཏོག་ཏོ་ ག་ཏེ་ཡང་བཤད་མེདཔ་ལས་ གནད་དོན་ཁ་གསལ་སྦེ་ ད་ལྟོའི་ ཞིབ་འཚོལ་འདི་ལུ་ རག་ལསཔ་མ་གཏོགས་ འདི་མིན་འདིའི་ལོ་རྒྱུས་ཚུ་ རྒན་རབས་ གོང་མའི་མཐོང་ཐོས་ དྲན་པ་གང་ཡོད་ ཡིག་ཐོག་ལུ་ཕབ་ མ་བཞག་པ་ཅིན་ཉམས་ཉེན་ཆེཝ་ལས་ གནད་དོན་དང་གནས་ཚུལ་བསྡུ་ལེན་འབད་དེ་ ཡིག་ཐོག་ལུ་བཀོད་དེ་ཡོདཔ་ཨིན།

 

ཞིབ་འཚོལ་ཐབས་ལམ་དང་མཁོ་ཆས།

སྤྱིར་བཏང་ཞིབ་འཚོལ་གྱི་ཐབས་ལམ་ལུ་ གྲངས་འབྲེལ་ཐབས་ཤེས་དང་། ཁུངས་བཙུན་ཐབས་ཤེས། སྤེལ་མ་ཐབས་ཤེས་ཟེར་གསུམ་ཡོད་པའི་གྲལ་ལས་ ཁུངས་བཙུན་ཐབས་ཤེས་ལག་ལེན་ཐོག་ལས་གནད་སྡུད་བསྡུ་ལེན་འབད་ཡོདཔ་ཨིན། ཁུངས་བཙུན་ཐབས་ལམ་ལག་ལེན་བསྟར་དགོས་པའི་རྒྱུ་མཚན་དེ་ཡང་། Muhibul Haq (༢༠༡༥) གིས་ཁུང་བཙུན་ཐབས་ཤེས་འདི་ཐབས་གཞན་གཉིས་ལས་ལག་ལེན་འཐབ་བདེཝ་ཨིནམ་མ་ཚད་ གོ་བ་ལེན་ལུ་ཁྱད་ཕན་དང་ འདི་བཟུམ་འབད་ ལས་དང་པོ་པ་ལུ་ བྱ་སྟབས་བདེ་ཏོག་ཏོ་ཡོདཔ་ལས་བརྟེན་ཏེ་ གཤམ་འཁོད་ཀྱི་མཁོ་ཆས་ཚུ་ ལག་ལེན་ཐབས་ཏེ་གནད་བསྡུ་བསྡུ་ལེན་འབད་ཡི། ༡༽ སྒྲ་བཟུང་ཅ་ཆས་ལག་ལེན་འཐབ་སྟེ་ གུང་ལྷའི་སྐོར་བརྟག་ཞིབ་འབད་བའི་སྐབས་གཡུས་ཁའི་མི་རྒན་ཤོས་དག་པ་ཅིག་དང་ ནང་པའི་ཤེས་ཡོན་ཡོད་མི་དག་པ་ཅིག་དང་ཡང་འཕྱད་དེ་ སྔ་གོང་ལས་གྲ་སྒྲིག་ཡོད་པའི་དྲིས་ཤོག་དང་འཁྲིལ་ཏེ་གནད་སྡུད་བསྡུ་ལེན་འབད་ཡི ༢༽ དགུང་ལྷའི་དོན་ཚན་འདི་ ལམ་སྲོལ་དང་འབྲེལ་བའི་མི་རྒྱུད་རིག་པའི་ཞིབ་འཚོལ་ཨིནམ་ལས་ མཆོད་ཐངས་དང་འབད་ཐངས་ཀྱི་རིམ་པ་ཚུ་ཡང་ལེགས་ཤོམ་སྦེ་ བལྟ་ཞིབ་འབད་དེ་ དོགས་པ་དང་བསམ་འཆར་ཚུ་ཡོདན་དེ་འཕྲོ་ལས་བསལ་ཏེ་ གནད་སྡུད་བསྡུ་ལེན་འབད་ཡི། ༣༽  འདྲི་བཀོད་ཚ་མ་ཚང་བ་འདི་ལག་ལེན་འཐབ་ཐོག་ལས་ གཡུས་ཁའི་མི་རྒན་ཤོས་ཚུ་དང་འབྲེལ་བ་འཐབ་སྟེ་ ཞིབ་འཚོལ་པ་རང་ལུ་བསམ་འཆར་དང་དོགས་པ་བསལ་དགོ་པའི་སྐབས་ གནད་དོན་ཚུ་ཐད་ཀར་དྲི་བ་བཀོད་ཐོག་ལས་ གནད་སྡུད་བསྡུ་ལེན་འབད་དེ་ཡོདཔ་ཨིན།

ཞིབ་འཚོལ་གྱི་ལྟ་ལུགས།

ལྟ་ལུགས་སྦེ་བ་ཅིན་མི་སྡེ་ཉམས་མྱོང་ལས་གྲུབ་པའི་ལྟ་ལུགས་ཨིན། (Social Constructivism)

གུང་ལྷའི་གསོལ་མཆོད་དེ་ བོན་ལུགས་ཨིན་ན་ ཆོས་ལུགས་ཨིན་ན་ ཧེ་མ་དང་ད་ལྟོའི་བར་ན་ གྱུར་བ་ག་ཅི་སོང་ཡོདཔ་ཨིན་ན་ འགོ་ཐོག་དང་པ་ག་སྟེ་ལུ་དར་ནུག་ག་ དུས་རབས་འབད་བ་ཅིན་ ནམ་ཨིན་ནའི་སྐོར་ལས། ཞིབ་འཚོལ་དེ་ཡང་ གསོལ་མཆོད་ཕུལ་ཤེས་མི་བླམ་དང་ ཉམས་མྱོང་ཡོད་མི་ འདི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་དགོ་ནི་དེ་གི མི་སྡེའི་ཉམས་མྱོང་ལས་གྲུབ་པའི་ལྟ་ལུགས་ དེའི་ནང་ལས་གོ་རྟོགས་དང་།  དེ་མ་ཚད་ཧེ་མའི་ ཡིག་ཆ་འདི་ཚུ་བསྐྱར་ཞིབ་འབད་དེ་ ཡིག་ཆ་དང་ངག་རྒྱུན་གཉིས་རྟགས་མཐུན་དང་ མ་མཐུན་དབྱེ་ཞིབ་ འབད་དེ་ཡོདཔ་ལས་ མི་སྡེ་འབྱུང་རབས་ལུ་བརྟེན་པའི་གོ་དོན་ནང་ལུ་ཡང་ཚུདཔ་ཨིན།

 

ཞིབ་འཚོལ་གྱི་གནད་སྡུད་བསྡུ་ལེན།

གནས་ཚུལ་དེ་ གཡུས་སྒོ་ནང་ལུ་ གུང་ལྷ་གསོལ་མཆོད་འབད་ཤེསཔ་མ་ཚད་ འདི་གི་སྐོར་ལས་ལོ་རྒྱུས་ཧ་གོ་མི་ བླམ་དང་ ཧེ་མའི་ལོ་རྒྱུས་ཧ་གོ་མི་ འདི་ཚུ་དང་གཅིག་ཁར་འདྲི་བསྟུན་འབད་དེ་ གནད་སྡུད་བསྡུ་ལེན་འབད་ཡོདཔ་ད། དེ་ཡང་ཁོང་གི་བསམ་འཆར་དང་ ལོ་རྒྱུས་དང་འཁྲིལ་ དྲི་བཀོད་ཆ་མ་ཚང་བ་ལག་ལེན་འཐབ་སྟེ། གནད་སྡུད་བསྡུ་ལེན་འབད་ཡི་ཟེར་ཞུ་ནི།

 

ཞིབ་འཚོལ་གྱི་གནད་སྡུད་དབྱེ་དཔྱད།

འབྱུང་རབས་ནང་ལས་གསུངས་པའི་གནས་ཚུལ་དང་ གཡུས་སྒོའི་བླམ་དང་ མི་ནགཔ་ཉམས་མྱོང་ཡོད་མི་ འདི་ཚུ་གིས་གསུངས་མི། དེ་ལས་གཞན་ཡང་མི་རྒན་ཤོ་ཚུའི་ངག་རྒྱུན་ལྟར་དུ་འབད་བ་ཅིན་ ག་དེ་ཨིན་ན་ ལོ་རྒྱུས་ཚུ་མཐུན་དང་མི་མཐུན་ ལེགས་ཤོམ་སྦེ་དབྱེ་དཔྱད་འབད་དེ་ བཅའ་སྒྲིག་རྐྱབ་ཐངས་ཚུ་ཡང་ བོན་གྱི་བྱུང་རབས་ཚུ་ནང་ལས་བཤད་མི་དང་ཆ་འདྲ་བས་ག་ དེ་ལས་འགྱུར་བཅོས་ག་ཅི་ར་འགྱོ་ནུག་ག བོན་ཨིན་པ་ཅིན་བོན་ལུགས་ཨིན་པའི་ཁུངས་ག་ཅི་ར་བཀོད་ནི་འདུག ནང་ཆོས་ཨིན་པ་ཅིན་ འདི་གི་ར་ཁུངས་ག་ཅི་རང་ བཀོད་ནི་འདུག་ག་ འདི་ཚུ་ཡང་དབྱི་ཞིབ་འབད་དེ་ཡོདཔ་ཨིན།

 

བློ་གཏད་དང་ཆ་བཞག། (Reliability and Validity)

ཞིབ་འཚོལ་གྱི་གྲོས་འཆར་འདི་ རིག་གཞུང་མཐོ་རིམ་སློབ་གྲྭའི་ ཞིབ་འཚོལ་འགོ་དཔོན་མཆོག་གི་ཕྱག་ལུ་ ཕུལ་བ་བཞིནམ་ལས་ ཞིབ་འཚོལ་འགོ་དཔོན་མཆོག་གིས་ གདམ་འཐུ་འབད་ཡོདཔ་མ་ཚད་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གི་ ཞིབ་འཚོལ་ཚོགས་པའི་ འཐུས་མི་ཡོངས་ཀྱིས་ ཞིབ་འཚོལ་གྱི་དོན་ཚན་དང་ཐབས་ལམ་ལ་སོགས་པ་ཚུ་ ཚུལ་མཐུན་དང་འོད་ལྡན་འདུག་ག་མིན་འདུག་ དབྱེ་ཞིབ་མཐིལ་ཕྱིན་མཛད་ཞིནམ་ལས་ གྲོས་འཆར་འདི་གདམ་འཐུ་སྒྲུབ་ཡོདཔ་ཨིན།

 

ཀུན་སྤྱོད་རྣམ་བཞག

ཞིབ་འཚོལ་གྱི་ཀུན་སྤྱོད་ཀྱི་རྣམ་གཞག་དང་བསྟུན་ཞིམ་ལས་ ལཱ་ག་ཅི་འབད་རུང་ཞིབ་འཚོལ་པ་ཨིར་ཟེར་ དབང་ཙོང་ཐོག་ལས་དང་ཁྲིམས་འགལ་གྱི་ལཱ་ཚུ་མེདཔ་མ་ཚད་ སྒྲ་བཟུང་ཡོད་མི་དེ་ཡང་ ཡིག་ཐོག་གུ་ཕྱོགས་ལྷུང་ལུ་མེདཔ་སྦེ་ འདྲ་མཉམ་དང་དྲང་བདེན་གྱི་ཐོག་ལས་འབད་ བཀོད་དེ་ཡོད། ཞིབ་འཚོལ་ནང་ གྲལ་གཏོགས་ཡོད་པའི་མི་ངོམ་གྱི་བསམ་འཆར་དང་ བློ་ཚུ་ཞིབ་འཚོལ་སྙན་ཞུ་ནང་བཙུགས་ནི་དང་ མི་བཙུགས་ནི་ཚུ་ ཁོང་གི་བློ་འདོད་དང་ བཀའི་གནང་བ་དང་འཁྲིལ་ཏེ་ གསལ་སྟོན་འབད་ཡོདཔ་ལས་ ཞིབ་འཚོལ་གྱི་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ལཱ་འབད་འབདཝ་ རྩ་ལས་མེད་ཟེར་ཞུ་ནི་ཨིན།

 

ཞིབ་འཚོལ་གྱི་དགོས་དོན་གསལ་བཤད།

ཁུངས་བཙུན་ཐབས་ཤེས་དང་འབྲེལ་བའི་ཞིབ་འཚོལ་དེ་གིས།  མ་འོངས་པའི་ན་གཞོན་ཕོ་མོ་འདི་ཚུ་གིས་ འབྲུག་ཡུལ་ལུ་ ཡོད་པའི་བོན་ཆོས་དང་ ནང་ཆོས་ཀྱི་སྐོར་ལས་གསལ་ཏོག་ཏོ་འབད་ཧ་གོ་ཚུགཔ་མ་ཚད་ འབྲུག་ལུ་བོན་ལུགས་ག་དེ་སྦེ་དར་ནུག་ག་ བོན་གྱི་གསོལ་མཆོད་ཨིན་ན་ ནང་ཆོས་ཀྱི་གསོལ་མཆོད་ཕུལ་ཐངས་ཨིན་ན་ ཚུ་ཡང་ཁ་གསལ་སྦེ་ཤེས་ཚུགས།  དེ་ལས་བོན་ལུགས་ ཧེ་མ་ག་ཏེ་ལུ་དར་ནུག་ག་ འབྲུག་ལུ་བོན་ལུགས་ག་དེ་སྦེ་འོང་ནུག་ག་ཡང་ཤེས་ཚུགས།

 

 

 

 

 

གྲི་གུམ་བཙན་པོའི་ སྲས་སྲསམོ་ཚུ་གི་གདན་ས།

 

 

ཞིབ་འཚོལ་གྲུབ་འབྲས།

གུང་ལྷ་དཀར་པོའི་གསོལ་མཆོད་ཀྱི་རྒྱབ་འབྱུང་ཁུངས་ལོ་རྒྱུས། འབྲུག་ཤར་ཕྱོགས་ལུ་ བོན་ལྷ་གསོལ་ནི་གི་ལུགས་སྲོལ་ དུས་ནམ་ལས་ཚུ་ དར་ཡི་ག་ཟེར་བ་ཅིན་ འབྲུག་ཤར་ཕྱོགས་ཀྱི་རྗེ་དཔོན་འབྱུང་རབས་བྱིས་པ་དགའ་བའི་རྣ་རྒྱན།[3] (n.d) ལག་བྲིས་མ། འདི་ནང་ལུ་གསུངས་དོ་བཟུམ་སྦེ་བ་ཅིན་ བོད་ལས་གྲི་གུམ་བཙན་པོའི་སྲས་ ཉང་གི་རྒྱལཔོ་ ཉ་ཁྲི་ཟེར་མི་འདི་ སྨན་ལྗོངས་ཤར་ཕྱོགས་སུ་བྱོན་ཏེ་ གདན་ས་བཅགས་ འདི་ལས་འགོ་བཟུང་སྟེ་ མི་འདི་ཚུ་གིས་ ལྷ་གིས་ཕན་ཐོགཔ་ཨིནམ་དང་ འདྲེ་གིས་གནོདཔ་བསྐྱེལཝ་ཨིནམ་ ཤེསཔ་མ་ཚད་གདོན་འདྲེ་ཚུ་གིས་གནོདཔ་བཀལཝ་ད་ལུ་ ཤིང་སྣའི་བསང་དང་འབྲུ་སྣའི་གསུར། གཞན་ཡང་ཇ་གསུར་དང་མར་གསུར་བཏང་ནི་ ཇ་སྐྱེམས་དང་ཆང་སྐྱེམས་ལ་སོགས་པ་ཚུ་བཤམས་ཏེ་ གདོན་བཅོས་འབད་ནི་གི་ རིགས་ཚུ་ཤེས་ཡོདཔ་སྦེ་བཀོད་དེ་འདུག འདི་ཡང་ཉང་གི་རྒྱལཔོ་ ཉ་ཁྲིའི་སྲས་དང་སྲམོ་ལས་འདི་ཚུ་གིས་གདོན་བཅོས་འབད་ཐངས་ལུ་ ལྟ་སྟེ་ཤེས་ཤེསཔ་ཨིན་པས། དེ་ལས་འདི་བཟུམ་སྦེ་ར་ ལྷ་གསོལ་དང་ཀླུ་གསོལ། བཙན་དང་རྒྱལ་པོ་ལ་སོགས་པའི་མཆོད་སྲོལ་དང་ གུང་ལྷའི་མཆོད་སྲོལ་ཡང་དེའི་སྐབས་མི་ཚུ་གིས་རང་བཞིན་གྱིས་ཤེས་ཡོདཔ་སྦེ་བཀོད་དེ་ཡོདཔ་ལས་བརྟེན་ འབྲུག་ཤར་ཕྱོགས་ཀྱི་གཡུས་སྒོ་ནང་ལུ་ གུང་ལྷའི་གསོལ་མཆོད་ འགོ་ཐོག་དང་པ་ རྒྱལཔོ་ཉ་ཁྲི་ འབྲུག་ལུ་བྱོན་ཞིནམ་ལས་ཚུར་དར་ནུག

 

          དར་སའི་ས་གནས་སྦེ་བ་ཅིན་ བཀྲི་ཤིས་གཡང་རྩེ་ གཏོང་ཞང་ཕྱོགས་ལུ་ དུས་རབས་འགོ་མ་བཙུགསཔ་གི་ཧེ་མ་ དར་ཡོདཔ་ཨིནམ་ད། འདི་ཡང་ B.C. ༧༡༠ ལུ་གྲི་གུམ་བཙན་པོ་འཁྲུངས་ནུག་ དེ་ལས་ཁོ་གིས་ལོ་དག་པ་ཅིག་ རྒྱལ་ཁབ་བསྐྱོངས་ཡོད་རུང་ མི་ཚེ་མཐར་ཕྱིན་མ་ཚུགས་པར་ ཕྱི་དགྲའི་ལགཔ་ལུ་ཚུད་དེ་ ཚེ་ལས་འདས་སོང་ནུག དེ་ལས་ཁོ་གི་སྲས་གསུམ་ཡང་ ཡབ་རྒྱལ་པོ་མེད་པའི་ཤུལ་ལུ་ ལུང་ཕྱོགས་སོ་སོ་ནང་ འགྱོ་ཞིནམ་ལས་ རྒྱལཔོ་མཛད་ཡོད་རུང་ ཉ་ཁྲི་འདི་སྦེ་བ་ཅིན་ བཞུགས་ས་ཡབ་ཀྱི་དགྲ་དང་མཐའ་ཉེཝ་ལས་བརྟེན་ ས་གནས་འདི་ཁར་ལུ་བཞུགས་མ་ཁོམ་པར་ B.C ༨༠༠ དེ་ཅི་ནང་ སྨན་ལྗོངས་འབྲུག་ཡུལ་ཕྱོགས་ལུ་ ཕྱིར་སྐྱོད་གནང་ཏེ་ བཞུགས་དགོཔ་བྱུང་ནུག། དུས་འདི་ལས་འགོ་བཟུང་སྟེ་ གུང་ལྷ་དང་སྒ་བཟང་ལ་སོགས་པ་ བོན་ཆོས་ལེ་ཤ་ཅིག་ར་ནུག། འདི་ལྟ་བ་ཅིན་ བོན་ལྷ་ལུ་གསོལ་མཆོད་ཕུལ་ནི་གི་ལུགས་སྲོལ་འདི་ བོད་ལས་ཚུ་དར་ཡོདཔ་ཨིནམ་ཤེས་ཚུགས་པས། ཨིན་རུང་ ད་ལྟོ་གསོལ་མཆོད་འབད་བཞིན་དུ་ཡོད་པའི་གུང་ལྷ་དཀར་པོ་ཟེར་མི་འདི་འབད་བ་ཅིན་ ཧེ་མ་ཀུར་སྟོད་ཉ་ལམ་དུང་ཟེར་ས་ལུ་དར་ནུག་ ག་ཅི་སྦེ་ཟེར་བ་ཅིན་ ང་རང་གི་ཕམ་གི་བརྒྱུད་པ་འདི་ ཀུར་སྟོད་ཉ་ལམ་དུང་ལས་ཚུར་ འོང་འོངམ་བརྟེན་ཏེ་ཨིན་ཟེར་ (འབྲེལ་གཏོགས་འབད་མི་ཀ་པས) བཤད་ནི་འདུག།

 

          འདི་མ་ཚད་གུང་ལྷ་དཀར་པོའི་ལོ་རྒྱུས་འདི་སྦེ་བ་ཅིན། ཧེ་མ་གདོང་ལྷ་སྤུན་དགུ་ཟེར་བསྡད་ནུག་ སྤུན་ཆ་སྦོམ་ཤོས་འདི་ དང་ལིང་ཨིནམ་ད་ དང་ལིང་འདི་ཚོང་ཚོང་མ་ལུ་ མནའམ་སྦེ་འགྱོ་ནུག་ ཆུང་ཤོས་གུང་ལྷ་དཀར་པོ་འདི་མོ་རང་གི་ཕོ་བྲང་གདོང་ལ་སྲུང་སྦེ་བསྡད་ནུག ཆུང་ཤོས་ནུམོ་འདི་ལུ་ ཨ་ཞིམོ་སྦོམ་ཤོས་ དང་ལིང་འདི་གིས་ ང་འོངམ་ད་ཁྱོད་ལུ་ཁྱོམས་ག་ཅི་དགོ་ནི་སྨོ་ཟེར་དྲིཝ་ད་ ནུམོ་གིས་ ང་ལུ་གཞན་ག་ནི་ཡང་མི་དགོ་ ང་ཉམས་ཆུང་ཨིནམ་ལས་ གཏོརམ་ལྔ་གི་བཏུབ་ཟེར་སླབ་ནུག་ དེ་ལས་ཚུ་གསོལ་མཆོད་ཀྱི་སྐབས་གཏོརམ་ལྔ་བཞེངས་ཏེ་ སྐྱེ་སྒྲིབ་དང་ཤིན་སྒྲིབ་ཚུ་ག་ནི་ཡང་མེད་པ་ གསོལ་མཆོད་ཕུལ་དགོཔ་བྱུང་ནུག་ སྒྲིབ་འདི་ཚུ་རེག་པ་ཅིན་ཕུལ་མི་བཏུབ་ནི་ཨིནམ་ལས་ ག་དེ་སྦེ་ཕུལ་འདི་འབད་རུང་ ལྷ་མི་བཟང་ཟེར་སླབ་སྲོལ་འདུག གསོལ་མཆོད་འདི་ཡང་ཚེས་ བརྒྱད་དགུ་ བཅུ་ཐམས། ཉི་ཤུ་ལ་སོགས་པ་ ཚེས་གྲངས་ག་ཅི་ལུ་ཕུལ་རུང་མ་བཏུབ་མེདཔ་མ་ཚད་ གསོལ་མཆོད་ཕུལ་མི་གི་ མི་འདི་ཡང་ གཡུས་སྒོ་གཞན་གྱི་ནང་བཟུམ་སྦེ་ བོན་པོའི་བརྒྱུད་པ་ཟེར་མི་དགོ་ནི་ཨིནམ་ལས་ ཕུལ་ཤེས་མི་ ག་གིས་ཕུལ་རུང་བཏུབ་ཨིན་ཟེར་ (འབྲེལ་གཏོགས་འབད་མི་ཁ་པས) བཤད་ནི་འདུག།

 

         ཁོང་གིས་སྦེ་བ་ཅིན་ གུང་ལྷ་དཀར་པོ་ཟེར་མི་འདི་ འགོ་ཐོག་དང་པ་ ཀུར་སྟོད་ལས་ཚུ་དར་ཏེ་ད་ལྟོའི་བར་ནང་ མི་བརྒྱུད་ལྔ་དེ་ཅི་སོང་ཡོདཔ་སྦེ་བཤད་ནི་འདུག་ ཨིན་རུང་འདི་གི་ཧེ་མ་ལས་ར་ བཀྲ་ཤིས་གཡང་རྩེ་ལུ་ གུང་ལྷ་རྐྱངམ་གཅིག་གི་མ་ཚད་པར་ བོན་ཆོས་གཞན་ཡང་ལེ་ཤ་ར་དར་ཡོདཔ་ལས་ འགོ་ཐོག་དང་པ་ ཀུར་སྟོད་ལུ་དར་ཡོདཔ་ བཤད་མི་འདི་ མི་བདེན་པའི་ལོ་རྒྱུས་གཅིག་ཨིན་པས། འདི་གི་ཁུངས་འདི་ཡང་ དུས་རབས་འགོ་མ་བཙུགསཔ་གི་ཧེ་མ་ལས་རང་ གཡུས་སྒོ་འདི་ནང་ལུ་ མི་འདི་ཚུ་གིས་ གུང་ལྷའི་གསོལ་མཆོད་རྐྱངམ་ཅིག་གི་མ་དོ་བར་ སྒ་བཟང་ལ་སོགས་པ་གསོལ་མཆོད་ཕུལ་བསྡད་ཡོདཔ་མ་ཚད་ ཀུར་སྟོད་ལས་ཚུ་འོང་མི་རྐྱངམ་ཅིག་གི་མ་ཚད་པར་ གཡུས་སྒོ་གཞན་ནང་ལུ་ གུང་ལྷ་བྷ་ལིང་མོ་ཟེར་མི་དང་ལྷ་གསོལ་ཟེར་མི་ལ་སོགས་པ་ཚུ་ ལེ་ཤ་ཅིག་དར་ཏེ་བསྡད་ནུག། གལ་སྲིད་་ཀུར་སྟོད་ལས་ཚུ་ དར་ཡོདཔ་ཨིན་པ་ཅིན་ ད་རིས་ནང་པ་ཡང་ ཀུར་སྟོད་ཉ་ལམ་དུང་ལུ་ གུང་ལྷ་དཀར་པོའི་གསོལ་མཆོད་ཕུལ་སྲོལ་འོང་དགོཔ་ལས་ བོན་ལྷ་གསོལ་ནི་ཡོད་རུང་ འདི་བཟུམ་གྱི་གུང་ལྷ་དཀར་པོའི་གསོལ་མཆོད་ ཕུལ་ནིའི་སྲོལ་འདི་མིན་འདུག། བཀྲ་ཤིས་གཡང་རྩེ་ གཏོང་ཞང་ལུ་འབད་བ་ཅིན་ བྲག་རྩའི་གཡུས་སྒོ་ནང་འབད་དོ་བཟུམ་སྦེ་ར་ དབྱེ་བ་ག་ནེ་ཡང་མེད་པར་ ད་རིས་ནང་པ་ཡང་འབད་དོ་ཡོདཔ་ལས་ གོ་དང་པ་གཏོང་ཞང་ལས་ཚུ་དར་ཨིནམ་འདི་ཐད་ཀར་དུ་ཧ་གོ་ཚུགས་པས།   

 

           འདི་བཟུམ་སྦེ་ གཏོང་ཞང་གི་གཡུས་སྒོ་འདི་ནང་ལུ་ བོད་ལས་ཉ་ཁྲི་བྱོན་ རྫོངས་བཞེངས་ཏེ་གདན་ཞིནམ་ལས་ཚུ་ བོན་ཆོས་ལེ་ཤ་དར་ཡོདཔ་སྦེ་ འབྲུག་ཤར་ཕྱོགས་ཀྱི་རྗེ་དཔོན་འབྱུང་རབས་བྱིས་པ་དགའ་བའི་རྣ་རྒྱན་གྱི་ནང་ལུ་གསུངས་འདི་ཡོད་རུང་ དེང་སང་གི་དུས་ལུ་འབད་བ་ཅིན་ ས་གནས་འདི་ཁར་ལུ་ སློབ་གྲྭ་ཆགས་ཏེ་ རྫོངས་ཀྱི་ར་ཤུལ་ར་མེདཔ་བཟོ་ཡོདཔ་མ་ཚད་ སྒ་བཟང་ཟེར་བའི་བོན་ལྷ་གསོལ་ནི་གི་ སྲོལ་འདི་ཡང་ཉམས་ཏེ་ད་རིས་ནང་པ་ཕུལ་ནི་སྲོལ་མིན་འདུག། རྒེད་འོག་འདི་ནང་ལུ་འབད་བ་ཅིན་ གུང་ལྷ་དཀར་པོ་དང་ གུང་ལྷ་བྷ་ལིང་མོ་ཟེར་ དར་ཡོདཔ་ལས་ འདི་གཉིསཔོ་ཡང་ གཏོརམ་དང་ཚོགས་རྫས་ལ་སོགས་པ་ཚུ་ ཕུལ་ཐངས་ལུ་ མ་འདྲཝ་དུམ་གྲ་རེ་ཡོད་རུང་ དོན་ངོ་མ་ལུ་ ཁོང་གཉིས་གཅིག་ཨིན་པའི་ཁུངས་འདི་ཡང་ གུང་ལྷ་བྷ་ལིང་མོ་ཟེར་མིའི་མིང་དང་ གུང་ལྷ་དཀར་པོ་ཟེར་མིའི་མིང་གཉིསཔོ་ ཁ་སྐད་བ་མ་འདྲཝ་ལུ་བརྟེན་ཏེ་མ་གཏོགས་ དོན་ལུ་གཅིག་ཨིནམ་ལས་བརྟེན་ཤེས་ཚུག་པས། གུང་ལྷ་དཀར་པོ་ཟེར་དགོ་མི་འདི་ཡང་ གསོལ་མཆོད་ཀྱི་སྐབས་ལུ་ དཀར་ཟས་མ་གཏོགས་དམར་ཟས་རིགས་ མེདཔ་ལས་བརྟེན་ཏེ་ཨིན་པས། དེ་ལས་འདི་བཟུམ་སྦེ་ གུང་ལྷ་དཀར་པོ་ལུ་སྤུན་དགུ་ཡོད་ཟེར་ཤེས་དོ་བཟུམ་ གུང་ལྷ་བྷ་ལིང་མོ་ཟེར་མི་འདི་གི་ནང་ལུ་ཡང་ སྤུན་དགུ་ཡོདཔ་སྦེ་ (འབྲེལ་གཏོགས་འབད་མི་ག་པས།) 

 

གསོལ་མཆོད་ཕུལ་ནི་གི་དུས་ཚོད།

སྤྱིར་གུང་ལྷ་ལུ་ རིགས་མ་འདྲཝ་ལེ་ཤ་ཡོད་དོ་བཟུམ་ གསོལ་མཆོད་ཕུལ་ནིའི་དུས་ཚོད་ལུ་ཡང་ མ་འདྲཝ་ལེ་ཤ་ཡོདཔ་ཨིནམ་ལས་ གུང་ལྷ་དཀར་པོའི་གསོལ་མཆོད་ཕུལ་ནིའི་དུས་ཚོད་འདི་ནམ་ཨིན་ན། ལོ་གཅིག་ལུ་ཚར་ག་དེ་ཅིག་ཕུལ་དགོཔ་ཨིན་ན་ཟེར་བ་ཅིན། ལོ་གཅིག་ལུ་ཚར་གསུམ་ཕུལ་དགོ དེ་ལས་འདི་བཟུམ་སྦེ་ དུས་ཚོད་འདི་སྦེ་བ་ཅིན་ ཟླཝ་བཞི་པའི་ཚེས་༡༤་ལུ་ཚར་གཅིག་ཕུལ་དགོ་ འདི་གི་མིང་ལུ་ཞར་ལྷ་ (བྱར་ལྷ) ཟེརཝ་ཨིན། གཅིག་འདི་ཟླཝ་དགུ་པ་ལུ་ཕུལ་དགོ་ འདི་གི་མིང་ལུ་ སྟོན་ལྷ་ཟེརཝ་ཨིན། དེ་ལས་ ཟླཝ་དང་པ་ལུ་པད་ལྷ་ཟེར་ ཚར་གཅིག་གསོལ་མཆོད་ཕུལ་དགོཔ་ཨིན་ཟེར། (འབྲེལ་གཏོགས་འབད་མི་ཀ་པས།)

 

             གུང་ལྷ་འདི་ལོ་གཅིག་གི་ནང་ལུ་ ཚར་གསུམ་གསོལ་མཆོད་ཕུལ་དགོཔ་ཨིན་པས། གོང་ལུ་བཤད་དོ་བཟུམ་ ཤར་ཕྱོགས་པའི་ཁ་སྐད་ནང་ལས་ ཞར་ལྷ།(བྱར་ལྷ) དེ་ལས་སྟོན་ལྷ་ཟེར་མི་འདི་ཨིན་པས།(སེ་ཁ) དེ་ལས་དཔེ་ལྷ་ཟེར་མི་འདི་ཨིན། ཟླཝ་བཞི་པ་ཞར་ལྷའི་སྐབས་ལུ་སྦེ་བ་ཅིན་ ལྷ་དར་ཤིང་ལྔ་སྦེ་མི་ གཉིས་བཟོ་ཐོག་ལས་ གཅིག་འདི་གཏོརམ་དང་ཅིག་ཁར་ ཁྱིམ་ཐོག་གུ་བསྐྱལ་ནི་དང་ གཅིག་འདི་ལྡུམ་ར་ནང་དུ་བསྐྱལ་དགོ་ཟེར། (འབྲེལ་གཏོགས་འབད་མི་ཁ་པས།)

 

            གུང་ལྷ་ལུ་རིགས་མ་འདྲཝ་ལེ་ཤ་ཡོདཔ་ལས་ གསོལ་མཆོད་ཕུལ་ནི་གི་དུས་ཚོད་ལུ་ཡང་མ་འདྲཝ་ཡོད་རུང་ གུང་ལྷ་དཀར་པོ་འདི་སྦེ་བ་ཅིན་ གོང་ལུ་བཀོད་དོ་བཟུམ་གྱི་དུས་ཚོད་དང་ བསྟུན་ཏེ་འབད་དོ་ཡོདཔ་ལས་ དུས་ཚོད་འདི་ལུ་མ་ཕུལ་བ་ཅིན་ གསོལ་མཆོད་ཕུལ་མ་བཏུབ་སྦེ་ སླབ་སྲོལ་ཡོད་རུང་ ངོ་མ་འབད་ཐང་ལུ་ ལྟ་བ་ཅིན་ ཟླཝ་འདི་ངེས་པ་མེད་པ་ སྦྱིན་བདག་གི་སྟབས་བདེ་སྡུག་དང་བསྟུན་ཏེ་འབད་ནི་ཡོདཔ་ལས་ ཟླཝ་འདི་ལུ་ ངེས་པ་ཅིག་ག་ནི་ཡང་མིན་འདུག། འདི་མ་ཚད་ ཧེ་མ་ལོ་གཅིག་ལུ་ ཚར་གསུམ་ཕུལ་སྲོལ་ཡོད་རུང་ ད་རིས་ནང་པ་ཉམས་ཏེ་ ལོ་གཅིག་ལུ་ ཚར་གཅིག་ལས་ ཕུལ་ནི་མིན་འདུག།

 

 

གུང་ལྷ་དཀར་པོའི་གསོལ་མཆོད་འདི་ བོན་ལུགས་ཨིན་པའི་ཁུངས།

འདི་བཟུམ་གྱི་གུང་ལྷ་ཟེར་མི་འདི་ བོན་གྱི་ལུགས་དང་ནང་པའི་ལུགས་གཉིས་ལས་ ག་ཅི་གི་ཁོངས་སུ་བཏོགསཔ་ཨིན་ན་ཟེར་བ་ཅིན་ བོན་གྱི་ཁོངས་སུ་བཏོགསཔ་ཨིན་མས། འདི་ཡང་ག་ཁྱབ་ཟེར་བ་ཅིན་ གསོལ་མཆོད་ཕུལཝ་ད་ལུ་ གསོལ་མཆོད་དཔེ་ཆ་ཟེར་ ག་ནི་ཡང་མེདཔ་མ་ཚད་ ཕ་དང་མ་ལས་བརྒྱུད་དེ་འོང་མི་ བོན་པོའི་ལྷ་གཅིག་ཨིན་མས། བོན་ལུ་ཡང་བོན་དཀར་དང་བོན་ནག་ཟེར་གཉིས་ཡོད་ས་ལས་ བོན་ནག་འདི་དམར་མཆོད་འབད་དགོཔ་ལས་ ཧེ་མ་བླམ་ཚུ་གིས་དམ་ལ་བཏགས་ནུག་ གུང་ལྷ་འདི་སྦེ་བ་ཅིན་བོན་དཀར་ཨིནམ་ལས་ དམ་ལ་ཡང་མ་བཏགས་ནུག་ དེ་འབདཝ་ལས་བརྟེན་ ད་ལྟོའི་བར་ན་ཡང་ གསོལ་མཆོད་ཕུལ་འདི་ཡོདཔ་ཨིན། གསོལ་མཆོད་ཕུལཝ་ད་ལུ་ གསོལ་མཆོད་དཔེ་ཆ་ཟེར་ ག་ནི་ཡང་མེདཔ་ལས་ བོན་གྱི་ལུགས་ངེས་ཏིག་ཨིན་ཟེར་ (འབྲེལ་གཏོགས་འབད་མི་ཀ་པས།)

 

           ཁ་ལས་མར་ འདོད་སྨྲེང་འབད་ནི་ལུ་ མནོ་བསམ་བཏང་པ་ཅིན་ བོན་ཆོས་འདི་ངེས་ཏིག་ཨིན་པས། བོན་ལུགས་འདི་ སངས་རྒྱས་ཀྱི་བསྟན་པ་དརཝ་ད་ལུ་ བོན་གྱི་བསྟན་པ་འདི་ཚུ་ དམ་ལ་བཏགས་ཞིནམ་ལས་ནུབ་ནུག ཨིན་རུང་ ཆུང་ཀུ་རེ་གསོལ་མཆོད་མ་འབད་བ་ཅིན་ མི་འདི་ཚུ་ལུ་ནཝ་ཚཝ་ལ་སོགས་པ་ཚུ་བྱུངམ་ལས་བརྟེན་ཏེ་ ད་རིས་ནང་པ་སྦེ་རུང་ གསོལ་མཆོད་མ་འབད་བ་ཅིན་ གནོད་པ་འོང་ནི་ཡོདཔ་ལས་ གསོལ་མཆོད་འབད་ནི་ཡོད་ཟེར། (འབྲེལ་གཏོགས་འབད་མི་ག་པས།)

 

            གུང་ལྷ་འདི་བོན་ལུགས་མེན་པར་ ལྷ་གསོལ་གཅིག་ཨིན་ ཨ་ཞེ་རྗེ་བཙུན་ང་ལྷ་མོ་ཟེར་མི་འདི་ ལྷའི་བརྒྱུད་པ་གཅིག་ཨིན་ཟེར་ (འབྲེལ་གཏོགས་འབད་མི་ང་པས) བཤད་ནི་འདུག། ཨིན་རུང་ འདི་ལུ་དབྱེ་དཔྱད་འབད་ལྟ་བ་ཅིན་ ལྷ་གི་བརྒྱུད་པ་ཨིན་པ་ཅིན་ ནང་པའི་ལུགས་ཨིན་དགོཔ་ངེས་པ་མེདཔ་ལས་ བོན་ལུགས་མེན་པའི་ཁུངས་ འོད་ལྡན་ཅིག་མེན་པས། སྤྱིར་བཏང་ བོན་གྱི་གསོལ་མཆོད་དཔེ་ཆ་ཚུ་ནང་ བཀོད་མི་ལུ་ལྟ་བ་ཅིན་ བོད་ཀྱི་རྒྱལཔོ་ག་ར་ འོ་དེ་གུང་རྒྱལ་གྱི་བརྒྱུད་པ་ཨིནམ་བཤད་དོ་བཟུམ་སྦེ་ ཨ་ཞེ་རྗེ་བཙུན་ང་ལྷ་མོ་ཟེར་མི་འདི་ཡང་ བོན་གྱི་ལྷ་ འོ་དེ་གུང་རྒྱལ་གྱི་རྒྱུད་པ་གཅིག་ཨིནམ་ཤེས་ཚུགས་པས།  

 

          དེ་ལས་གཞན་ཡང་ ཨྱོན་དཔལ་རྒྱན་གྱིས་བྲིས་མི་ Kharphud-A Non Buddhist Lhasol Festival of Eastern Bhutan (nd) ནང་སྤྱིར་བཏང་ནང་པའི་ ལྟ་བ་ལས་གཞན་པའི་འཇིག་རྟེན་མི་ནགཔ་གིས་ མཆོད་སྲོལ་ག་ར་བོན་ཆོས་སྦེ་ བཤད་སྲོལ་ཡོད་དོ་བཟུམ་སྦེ་ ད་ལྟོ་བཀྲ་ཤིས་གཡང་ རྩེའི་རྫོང་ཁག་ནང་མཆོད་སྲོལ་ཡོད་པའི་ གུང་ལྷའི་ མཆོད་པ་འདི་ཡང་ ཡིག་ངོ་ཙམ་ཡང་མ་ཤེས་མི་ མི་ནགཔ་གིས་ གསོལ་མཆོད་འབདཝ་མ་ཚད་ གསོལ་མཆོད་ཀྱི་དཔེ་ཆ་ཟེར་ག་ནི་ཡང་མེད་པ་ ཁ་ལས་འདོད་སྨྲེང་འབད་རྐྱངམ་ཅིག་ཨིནམ་ལས་ གུང་ལྷ་དཀར་པོའི་གསོལ་མཆོད་འདི་ བོན་མཆོད་ཨིན་མིན་ ཐེ་ཚོམ་བཟའ་དགོཔ་ག་ནི་ཡང་མིན་འདུག  

 

         དེ་ལས་ད་རུ་ རྡོ་རྗེ་དཔལ་འབྱོར་གྱིས་བྲིས་མི་ Wamling Kharphu: A Vibrant Ancient Festival (nd) ཟེར་མི་རྩོམ་རིགས་ནང་ལུ་ཡང་ འཇིག་རྟེན་ནང་ མི་མ་ཡིན་པའི་ ལྷ་ འདྲེ་ བདུད་ གཤིན་འདྲེ་ གདོན་དང་འབྱུང་པོ་ གང་རུང་ལུ་མཆོད་ནི་ ཡོད་པའི་བྱ་བ་ཐམས་ཅད་ བོན་ཆོས་སྦེ་བཤདཔ་ཨིན་མས། ཁོ་གིས་བཤད་ མིའི་ནང་ ཝམ་གླིང་མཁར་ཕུད་འདི་ སྤྱིར་བཏང་མི་ཕྱུགས་ལུ་ནད་ཡམས་དང་མུ་གེ་ ད་རུང་ལོ་ཕྱུགས་རྟག་ཏུ་ལེགས་ནིའི་ཐབས་ལུ་ མཆོདཔ་ཨིན་པའི་བཤད་དོ་བཟུམ་སྦེ་ གུང་ལྷ་དཀར་པོའི་གསོལ་མཆོད་འདི་ཡང་ མིའི་ཚེ་སྲོག་དང་ལྷག་པར་དུ་ཡང་ མིའི་མིག་ཏོ་དང་ རྣམ་ཅོ་ལ་སོགས་པ་ཚུ་ན་གི་གནོད་རྐྱེན་ཚུ་ ཞི་ནིའི་ཐབས་ལུ་དམིགས་ཏེ་ གསོལ་མཆོདའབད་དོ་ཡོདཔ་ལས་ བོན་ཆོས་ཨིནམ་ངེས་ཏིག་ཨིན་པས། ག་ཅི་སྦེ་ཟེར་བ་ཅིན་ གཡུས་ཁའི་ཉམས་མྱོང་ཡོད་མི་ མི་རྒན་ཤོས་ཚུ་དང་འབྲེལ་བ་འཐབ་ད་ བོན་ཆོས་ཨིནམ་སྦེ་རང་བཤད་ནི་འདུག

 

              དེ་སྦེཝ་ལས་བརྟེན་ གུང་ལྷ་དཀར་པོ་འདི་བོན་ལྷ་གི་ནང་ལས་ བོན་དཀར་གྱི་གྲལ་ལུ་ཚུདཔ་ཨིན་པས། འདི་ཡང་ག་ཁྱབ་ཟེར་བ་ཅིན་ བོན་ནག་ཨིན་པ་ཅིན་སེམས་ཅན་འདི་ཚུ་གི་ སྲོག་གཅོད་ཞིནམ་ལས་ ཤ་དང་ཁྲག་གིས་སྦེ་གསོལ་མཆོད་འབད་དགོ་ གུང་ལྷ་དཀར་པོ་ཟེར་མི་འདི་ ཤ་ཁྲག་ཐོག་ལས་མིན་པར་ དཀར་ཟས་གཙང་མའི་ཐོག་ལས་ གསོལ་མཆོད་ཕུལ་དགོཔ་ལས་ གོང་ལུ་བཤད་དོ་བཟུམ་སྦེ་ བོན་ལྷ་གི་ནང་ལས་ བོན་དཀར་ཨིན་པས།

 

              གུང་ལྷའི་སྐབས་ མྱ་མར་ཤིང་གི་ལྷ་ཤིང་དང་ ལུག་གི་བལ་འདི་འགྱོ་བ་ཅིན་ འདི་བོན་ནག་ཨིན། རྒྱ་མཚན་ག་ཅི་སྦེ་སྨོ་ཟེར་བ་ཅིན་ ཧེ་མ་བོན་པོ་འདི་ཚུ་གིས་ ལྷ་གསོལ་འབད་ནི་གི་དུས་ཚོད་ལུ་ ལྷོདཔ་ད་ སེམས་ཅན་འདི་ཚུ་མྱ་མར་ཤིང་གུ་ བཏགས་ཏེ་བསད་ཞིནམ་ལས་ ཤ་ཁྲག་དམར་གྱི་མཆོད་པ་ཕུལ་ཏེ་ ལྷ་གསོལ་འབད་ཡོདཔ་ལས་ མྱ་མར་ཤིང་དང་ལུག་གི་བལ་ལག་ལེན་འཐབ་སྟེ་ གསོལ་མཆོད་འབད་དགོ་པ་ཅིན་འདི་བོན་ནག་གི་ཁོངས་སུ་ཚུདཔ་ཨིན་ཟེར་ (འབྲེལ་གཏོགས་འབད་མི་ག་པས།)

 

            ཨིན་རུང་ ང་གིས་སྦེ་བ་ཅིན་ མྱ་མར་ཤིང་དང་ལུག་གི་བལ་ དགོཔ་ཙམ་གྱིས་ བོན་ནག་གི་ནང་ལུ་ཚུད་དགོཔ་ཅིག་མིན་འདུག་ ག་ཅི་སྦེ་ཟེར་བ་ཅིན་ གོང་ལུ་བཀོད་དོ་བཟུམ་ སེམས་ཅན་ཚུ་སྲོག་གཅོད་འབད་ཞིནམ་ལས་ ཤ་ཁྲག་དམར་གྱི་མཆོད་པ་ཕུལ་མི་ལུ་ བོན་ནགཔོ་དང་ འདི་བཟུམ་མིན་པར་ ཤ་དང་ཉའི་དྲི་མ་སྤུ་ཙམ་ཡང་མེད་པ་ དཀར་ཟས་ཀྱི་ཐོག་ལས་ གསོལ་མཆོད་འབད་མི་ལུ་ བོན་དཀར་ཟེར་སླབ་ཨིནམ་ལས་བརྟེན་ གསོལ་མཆོད་ཀྱི་སྐབས་ལུ་ མྱ་མར་ཤིང་དང་ལུག་གི་བལ་དགོ་འདི་སྦེ་རུང་ ཤ་དང་ཉ་ལ་སོགས་པ་དམར་ཟས་རིགས་མེདཔ་ལས་ བོན་དཀར་ཨིན། འདི་བཟུམ་སྦེ་རང་ གུང་ལྷ་དཀར་པོའི་གསོལ་མཆོད་ཀྱི་སྐབས་ལུ་ཡང་ ཤ་དང་ཉ་ལ་སོགས་པ་ དམར་ཟས་ཀྱི་དྲི་མ་སྤུ་ཙམ་ཡང་མེད་པ་ དཀར་ཟས་ཉག་གཅིག་གི་ཐོག་ལས་ཕུལ་དགོཔ་ལས་ བོན་དཀར་ཨིན།

 

            ཡང་གོང་ལུ་བཤད་མི་ལོ་རྒྱུས་ལུ་ དབྱེ་བ་དཔྱད་དེ་ལྟ་བ་ཅིན་ གུང་ལྷ་འདི་ཡང་ ཧེ་མ་སེམས་ཅད་བསད་དེ་ ཤ་ཁྲག་དམར་གྱི་མཆོད་པ་ཕུལ་སྲོལ་ཡོད་མི་འདི་ ཤུལ་ལས་སངས་རྒྱས་གཉིས་པ་ཨྱོན་པདྨ་འབྱུང་ནས་བོད་ལུ་བྱོན་ཞིནམ་ལས་ དམ་ལ་བཏགས་ཏེ་ དཀར་ཟས་ཀྱི་ཐོག་ལས་ ཕུལ་དགོཔ་སྦེ་བསྒྱུར་གནང་གནངམ་ཡང་འོང་སྲིད་ནི་ཨིན་མས། དེ་སྦེ་ཨིན་རུང་ འདི་རིས་ནང་པ་ཕུལ་སྲོལ་ཡོད་མི་ གུང་ལྷ་དཀར་པོ་ཟེར་མི་འདི་ བོན་དཀར་ཨིནམ་འདི་ཡང་ གསོལ་མཆོད་འབད་ཐངས་ལུ་ལྟ་སྟེ་ཤེས་ཚུགས་པས། །  

 

གུང་ལྷ་ལུ་གསོལ་མཆོད་ཕུལ་དགོས་པའི་ཁུངས།

གུང་ལྷ་ཟེར་ ལོ་ལྟར་བཞིན་དུ་ མ་ཕུལ་བ་ཅིན་གནོད་པ་ག་ཅི་ཡོདཔ་ཨིན་ན། ལོ་རེ་ཆད་མེདཔ་ ཚར་གསུམ་གསུམ་རེ་གསོལ་མཆོད་འབད་དགོ་པའི་ དགོས་པ་ག་ཅི་ཨིན་ན་ཟེར་བ་ཅིན། གུང་ལྷ་ལུ་གསོལ་མཆོད་མ་འབད་བ་ཅིན་ གནོད་པ་འདི་མིག་ཏོ་ན་ནི་ དེ་ལས་རྣམ་ཅོ་ན་ནི་ ལ་སོགས་པ་ཚུ་ལེ་ཤ་ར་འོང་ནི་ཡོདཔ་ཨིན་མས། འདི་ཚུ་གི་ནང་ལས་ ཤུག་ཆེ་ཤོས་རང་ གུང་ལྷ་གིས་གནོད་པ་འདི་མིག་ཏོ་ལུ་ རྐྱབ་ཨིན་མ་ལས་བརྟེན་ ལོ་གཅིག་གི་ནང་ལུ་ ཚར་གསུམ་ ཕུལ་མ་ཚུགས་རུང་ ཚར་གཅིག་འདི་ངེས་པར་ཕུལ་དགོཔ་སྦེ་ཨིན་མས། ལོ་རེ་ཆད་མེདཔ་ ལོ་གཅིག་ལུ་ཚར་གསུམ་གསུམ་རེ་ཕུལ་ཚུགས་པ་ཅིན་ མིག་ཏོ་དང་རྣམ་ཅོ་ལ་སོགས་པ་ཚུ་ལུ་ ནཝ་ཚཝ་གི་གནོད་པ་མེད་པར་ ལེགས་ཤོམ་སྦེ་བསྡད་ཚུགས་ནི་ཨིན་པའི་ཁར་ གཡུས་སྒོ་ནང་ལུ་ཡང་ཆར་དུས་སུ་འབབ་སྟེ་ ལོ་ཕྱུག་རྟག་ཏུ་ལེགས་ནི་ལ་སོགས་པ་ཚུ་འོངམ་ཨིན་མས། དེ་ལས་འདི་བཟུམ་སྦེ་ གསོལ་མཆོད་མ་ཕུལ་བ་ཅིན་ གནོད་པ་འདི་ཡང་ ལྷ་འདི་བརྟེན་མི་རྐྱངམ་ཅིག་ལུ་མ་གཏོགས་ ག་ར་ལུ་མི་འོང་། ག་ཅི་སྦེ་བ་ཟེར་བ་ཅིན་ ལ་ལོ་ལྷ་འདི་མ་བརྟེན་མི་ཡང་ཡོད་ཟེར། (འབྲེལ་གཏོགས་འབད་མི་ཁ་པས།)

 

          འདི་བཟུམ་སྦེ་ གུང་ལྷ་བྷ་ལིང་མོ་ཟེར་མི་འདི་དང་ གཞལམ་སྒང་རྫོང་ཁག་ ནང་སྐོར་རྒེད་འོག་ གཡུས་ཚན་བུ་ལི་ནང་ འབད་སྲོལ་ཡོད་པའི་ གུང་ལྷ་འདི་ལུ་ཡང་ གསོལ་མཆོད་མ་འབད་བ་ཅིན་ གནོད་པ་འདི་ མིག་ཏོ་དང་སོ་གུ་བཀལཝ་ཨིན་ཟེར་བཤད་ནི་འདུག། འདི་ལུ་ལྟ་བ་ཅིན་ གུང་ལྷ་གི་རིགས་ཚུ་གིས་ གནོད་པ་འདི་ མིག་ཏོ་དང་སོ་གུ་བཀལཝ་ཨིནམ་ཤེས་ཚུགས་པས།

 

          མཁས་དབང་བཀྲིས་དབང་མོ་གིས། YUL AND YUL LHA: The Territory and its Deity in Bhutan (n.d) ཟེར་མིའི་རྩོམ་རིག་ནང་ ཡུལ་ལྷ་ཚུ་ལུ་གསོལཝ་བཏབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ ཡུལ་དང་ལུང་པ་ནང་ ཞི་བདེ་དང་ དགའ་སྐྱིད་འོང་ཐབས་ལུ་ ཡུལ་ལྷ་ཚུ་ལུ་གསོལ་མཆོད་ཕུལ་དགོ་པའི་ཁར་ གཞན་ཡང་མི་ཕྱུགས་འཕེལ་ཏེ་ལོ་ཐོག་ལེགས་པའི་ཐབས་ལུ་དམིགས་ཏེ་ མཆོད་པ་ཕུལཝ་ཨིནམ་བཤད་དོ་བཟམ་སྦེ་ ལོ་ཕྱུགས་རྟག་ཏུ་ལེགས་ མི་ནད་དང་ཕྱུག་ནད་ལ་སོགས་པ་ཞི་ཞིནམ་ལས་ གཙོ་རང་བདེ་སྐྱིད་འབྱུང་ཐབས་ལུ་ དམིགས་ཏེ་ཨིན་པས། གུང་ལྷ་ཕུལ་སྲོལ་ཡོད་མི་གཡུས་སྒོ་གཞན་འདི་ཚུ་ལུ་དྲིཝ་ད་ལུ་ཡང་ གནོད་པ་འདི་མིག་ཏོ་གུ་རྐྱབ་ཨིནམ་སྦེ་བཤད་ནི་ཡོདཔ་ལས་ གུང་ལྷའི་རིགས་ཀྱིས་ མང་ཆེ་བ་མིག་ཏོ་ལུ་ར་གནོད་པ་རྐྱབ་ཨིན་པས།

 

               ཡང་ལ་ལོ་གཅིག་གིས་བཤད་དོ་བཟུམ་སྦེ་བ་ཅིན་ གུང་ལྷ་ཕུལ་བ་ཅིན་ མིག་ཏོ་དང་རྣམ་ཅོ་ལུ་ གནོད་རྐྱེན་མི་འོང་ནི་ལུ་ཕན་པ་ རྐྱངམ་གཅིག་མ་གཏོགས་ གཞན་ནད་མུ་གེ་ལ་སོགས་པ་ཚུ་མི་འབྱུང་ནི་གི་ ཕན་པ་མེད་ཟེར། (འབྲེལ་གཏོགས་འབད་མི་ག་པས།)         ཕན་པ་སྦེ་བ་ཅིན་ག་ནི་ཡང་མེདཔ་མ་ཚད་དགེ་བ་བསྔོ་ནི་འདི་ཚུ་ཡང་ག་ནི་ཡང་མེད།” ཟེར་བཤད་ནི་འདུག། ང་གིས་སྦེ་རུང་ གུང་ལྷ་ལུ་གསོལ་མཆོད་ཕུལ་བ་ཅིན་ ཕན་པ་འདི་ ཡང་རང་རྐྱངམ་གཅིག་ལུ་མ་གཏོགས་ གཡུས་སྒོ་ནང་ལུ་ ནད་དང་མུ་གེ་ལ་སོགས་པ་ཚུ་ཞི་སྟེ་ ལོ་ཕྱུགས་ལེགས་ནི་ལ་སོགས་པ་མི་འོང་ནི་མས། ག་ཅི་སྦེ་ཟེར་བ་ཅིན། གུང་ལྷ་འདི་གཡུས་སྒོ་ནང་ མི་ཡོད་རེ་ཡོད་ཚད་ཀྱིས་ གསོལ་མཆོད་འབད་ནི་མེདཔ་ལས་ གུང་ལྷ་གིས་གནོད་པ་བསྐྱེལཝ་ད་ལུ་ཡང་ མི་ཡོད་རེ་ཡོད་ཚེ་གཅིགཔོ་ལུ་ གནོད་པ་བསྐྱེལ་ནི་མིན་འདུག འདི་བཟུམ་སྦེ་གུང་ལྷ་བརྟེན་མིའི་རིགས་གཅིག་དང་མ་བརྟེན་མིའི་རིགས་གཉིས་སྦེ་ཡོད་ས་ལས་ གུང་ལྷ་ལུ་གསོལ་མཆོད་ཕུལཝ་ད་ལུ་ ཕན་པ་ཡང་ གསོལ་མཆོད་ཕུལ་མི་སྒེར་པ་རང་ལུ་འོང་ནི་དང་ མ་ཕུལ་བ་ཅིན་གནོད་པ་ཡང་ མི་སྒེར་པ་རང་ལུ་འོང་ནི་ཨིནམ་ མ་གཏོགས་ མི་ག་ར་ལུ་འོངམ་ཨིན་ཟེར་མི་འདི་ འཐད་ཏོག་ཏོ་གཅིག་མིན་འདུག དཔེར་ན་ དགེ་བའི་ལཱ་འབད་སྦེ་བ་ཅིན་ ལཱ་མི་ལུ་ཕན་པ་འོང་ནི་དང་ སྡིག་པའི་ལཱ་འབད་བ་ཅིན་ ལཱ་འབད་མི་རང་ལུ་ གནོད་པ་འོང་དོ་བཟུམ་ཅིག་ཨིན། མདོར་བསྡུ་བ་ཅིན་ གུང་ལྷ་ཕུལཝ་ད་ལུ་ཕན་པ་འདི་ གུང་ལྷ་བརྟེན་མི་ སྒེར་པ་རང་ལུ་ ཕན་འོང་ནི་དང་ མ་ཕུལ་བ་ཅིན་ གུང་ལྷ་བརྟེན་མི་ སྒེར་པ་རང་ལུ་གནོད་ནི་མ་གཏོགས་ གཡུས་སྒོ་ག་ར་ལུ་གནོད་ནི་དང་། གཡུས་སྒོ་ག་ར་ནང་ལུ་ ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་པ་ལ་སོགས་པའི་ཕན་པ་འདི་མིན་འདུག་གོ །

 

 

 

གུང་ལྷའི་གཏོརམ་དང་ཚོགས།                         གུང་ལྷའི་གཏོརམ་ ལྷ་ཤིང་དང་བཅསཔ་ཕུལ་བ།

 

གུང་ལྷའི་ལས་རིམ་གྱི་བཅའ་སྒྲིག།

འདི་བཟུམ་གྱི་གུང་ལྷ་འདི་ཡང་ ཀུར་སྟོད་ལས་འོང་མི་ མི་བརྒྱུད་ཚུ་གིས་རྐྱངམ་ཅིག་མ་གཏོགས་ ཁྱིམ་གཞན་ཚུ་ནང་གསོལ་ནི་མེདཔ་ད་ དེ་ཡང་ དྲོ་པ་ ཆུ་ཚོད་༣ དེ་ཅིག་རིང་ལུ་ ཁོང་རའིཁྱིམ་ནང་ སྐྱེས་གྲིབ་ གཤིན་གྲིབ་ཚུ་ མེད་པའི་སྐབས་ལུ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། ལས་རིམ་གྱི་བཅའ་སྒྲིག་འདི་ཡང་ ཁྱིམ་སྦྱིན་བདག་གིས་ ཁྱིམ་ནང་ མཆོད་བཤམས་ཀྱི་ཚབ་ལུ་ ཅོག་རྩེ་ཐོག་ལུ་ ཧེ་མ་ཕམ་གྱི་སྐབས་ལས་ར་ ལག་ལེན་འཐབ་ཏེ་ཡོད་པའི་ སྦང་ཅུང་སྦོམ་གྱི་ཚད་མཉམ་གྱི་ རྡོ་ལེབ་གཉིས་གུ་ དགུང་ལྷའི་གཏོརམ་ཆུང་ཀུ་རེ་སྦེ་མི་ གདོང་ལའི་གཏོརམ་ ཟླུམ་བུ་ལྔ་དང་ ཤ་རང་བཙན་གྱི་ གཏོརམ་ཟུར་གསུམ་སྦེ་མི་ལྔ་ བསྡོམ་གྱི་གཏོརམ་ ༡༠ བཞེངས་ཞིནམ་ལས་ འདི་ནང་ ཚོགས་ ཆང་བསྐོལ་ མར་ཕུད་ དར་ཚིལ དེ་ལས་ཚོགས་སྤགས་ཀྱི་དོན་ལུ ཀི་ཅུ་རམདང་ ཡང་ཅིན་ ཅ་གོགཔ་འདབ་མ ལ་ཕུག་ལ་སོགས་པཚུ་ རྡོ་ལེབ་གུ་བླུགས་ཏེ་ ཤར་ཕྱོགས་པའི་ཁ་སྐད་ལས་ མྱ་མར་ཤིང་ཟེར་མི་ལྷ་དར་གུ་ ལུག་གི་བལ་ འདི་མེད་པ་ཅིན་ ཀ་བལ་བཏགས་བཞིནམ་ལས་ ཁྱིམ་ཐོག་ཁར་བཀལཝ་ཨིན་པས།

 

          གཏོརམ་གི་ ཕྱོགས་འབད་བ་ཅིན་ ཁྱིམ་ཐོག་ལུ་བཀལ་ཞིནམ་ལས་ གདོང་ལའི་གཏོརམ་ ཟླུམ་བུ་ལྔཔོ་འདི་ ཀུར་སྟོད་གདོང་ལའི་ཕྱོགས་ལུ་འགྱིར་དགོ་ནི་དང་ གཞན་མི་འདི་ ཤ་རང་བཙན་གྱི་ཕྱོགས་ལུ་འགྱིར་དགོ་ནི་ཨིན་མས། གཏོརམ་ཡང་རྡོ་ལེབ་ཐོག་ལུ་ ཕྱོགས་བཞི་ལུ་རེ་རེ་དང་ བར་ནང་གཅིག་བཞག་དགོཔ་མ་ཚད་ དེ་ལས་གཏོར་བཞེངས་བསྒྲུབས་ཞིནམ་ལས་ ཕྱག་འཚལ་བའི་སྐབས་ ཨ་ཞེ་རྗེ་བཙུན་ང་ལྷ་མོ་ཟེར་འབོ་སྟེ་ ང་བཅས་ཀྱི་ གུང་ལྷ་དཀར་པོ་ཨིན་ཟེར་གསོལ་བ་བཏབ་ཞིནམ་ལས་ ཕྱག་འཚལ་དགོ དེ་ལས་འདོད་སྨྲེང་འབད་ནི་འདི་ ཕའི་ཚེ་ལ་ལོ་བརྒྱ་ཐུབ་ཅིང་། སྟོན་བརྒྱ་མཐོང་ཞིང་། སྟེང་དུ་འབྲུའི་དངོས་གྲུབ། བར་དུ་མིའི་དངོས་གྲུབ། འོག་ཏུ་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག ཕ་ལ་བལྟས་ན་ཕ་ལྷ་ཡིན་ནོ། མ་ལ་བལྟས་ན་མ་ལྷ་ཡིན་ནོ། །ཟེར་འདོད་སྨྲེང་འབད་དགོཔ་མ་ཚད་ འདོད་སྨྲེང་འབད་དེ་ ཚོགས་རྫས་ཚུ་ཕྱི་ཁར་ལུ་གཏོར་དགོ་དོ་ཡདོཔ་ཨིན་པས།

 

          དེ་ལས་གུང་ལྷ་འདི་བཟང་ནུག་ག་མབཟང་ནུག་ ང་བཅས་ཀྱིས་ག་དེ་ཤེས་ཚུགས་ག་ཟེར་བ་ཅིན། ལྷ་བཟང་མི་བཟང་གི་བརྟག་པ་དེ་ཡང་ གཏོརམ་དང་ཚོགས་ཚུ་ བཤམས་ཚར་ཞིནམ་ལས་ ཁྱིམ་ནང་གི་མི་ ཆེ་ཆུང་གསུམ་ག་ར་གིས་ ཕྱག་འཚལ་ སྨོན་ལམ་བཏབ་སྟེ་ ངང་ཤིང་གི་འདབ་མ་གུ་ ནང་མི་རེ་རེ་གིས་ ཆུ་བླུགས་ཏེ་ རྒྱབ་ཁར་བཀོ་དགོཔ་ད་ གལ་སྲིད་ ངང་ལག་ཤིང་གི་འདབ་མ་འདི་ ཕྱི་ནང་ལོག་སོང་པ་ཅིན་ ལྷ་མ་བཟང་བའི་བརྟག་ཚན་ཨིནམ་ལས་ ལྷ་ལུ་ད་རུང་ ལོག་ཤུལ་མམ་གྱི་ཟླཝ་འདི་ནང་ གསོལ་ཁ་ཕུལ་དགོཔ་ད་ གལ་སྲིད་ ངང་ལག་འདབ་མ་འདི་ བཀོ་བའི་སྐབས་ ཕྱི་ནང་མ་ལོག་པར་ རང་འཇགས་སྡོད་པ་ཅིན་ ལྷ་བཟང་བའི་བརྟག་ཚན་ཨིན་ཟེར་ ཡིད་ཆེས་བསྐྱེད་དེ་ ལྷའི་གཏོརམ་དང་ཚོགས་རྫས་ དེ་ལས་ ལྷ་ཤིང་ཚུ་ ཁྱིམ་ཐོག་ཁར་བཀལ་ཞིནམ་ལས་ གཏོརམ་དང་ ལྷ་ཤིང་སྐྱེལ་བ་འབག་མི་གིས་ ལྷ་རྒྱལ་ལོ་ཟེར་ཚར་༣ དང་ བསྟན་པ་གསོལ་ལོ་ཟེར་ཚར་༣ དེ་ལས་ མཇུག་ར་ བྱི་སི་ཚར་༣ རྐྱབ་ཞིནམ་ལས་ ལྷ་རྒྱལཝ་ཨིན་ཟེར་ དགུང་ལྷ་ལུ་ གསོལ་མཆོད་ཕུལ་ནི་གི་ ལས་རིམ་འདི་མཇུག་བསྡུཝ་ཨིན་པས། དེ་ལས་ལྷ་བཟང་བ་ཅིན་ སྐར་མ་བཅུའི་རྒྱབ་ལས་ ཨོ་ལ་འདི་ཚུ་གཏོརམ་བཟའ་བ་ཐོན་འོང་ཟེར་ཨིན་མས། ག་དེ་ཅི་སྦེ་མ་བཟང་བ་ཅིན་ བྱ་ཨོ་ལ་ཡང་གཏོརམ་བཟའ་བར་ མི་འོང་ཟེར་ (འབྲེལ་གཏོགས་འབད་མི་ཀ་པས།)

 

          ཟླཝ་དང་པ་དང་དགུ་པའི་སྐབས་ལུ་ དར་ཤིང་ཞལ་ལག་ཆུང་རེ་ལྔ་སྦེ་མི་གཅིག་ལས་བཟོ་མ་དགོ་རུང་ ཟླཝ་བཞི་པ་ལུ་ཕུལ་བ་ཅིན་ གོང་ལུ་བཤད་དོ་བཟུམ་ ལྷ་ཤིང་ཞལ་ལག་ལྔ་ཡོད་གཉིས་བཟོ་སྟེ་ གཅིག་འདི་གཏོརམ་དང་ཅིག་ཁར་ ཁྱིམ་ཐོག་གུ་བསྐྱལ་ནི་དང་ གཅིག་འདི་ལྡུམ་ར་ནང་བསྐྱལ་དགོཔ་ཨིན་ཟེར་ (འབྲེལ་གཏོགས་འབད་མི་ཁ་པས།)

 

          གདོང་ལ་དང་ཤ་རང་བཙན་ཟེར་མི་གཉིསཔོ་འདི་ གཡུས་སྒོ་ནང་གི་ གནས་བདག་གཅིག་ཨིན་རུང་ གནས་བདག་འདི་ཚུ་གིས་ གནོདཔ་བསྐྱལཝ་ད་ལུ་ གསོལ་མཆོད་འདི་བོན་གྱི་ལུགས་ལྟར་དུ་འབད་ནི་འགོ་བཙུག་བཙུགསཔ་ཨིན་མས། འདི་ཡང་ག་ཁྱབ་ཟེར་བ་ཅིན། འབྲུག་ཤར་ཕྱོགས་ཀྱི་རྗེ་དཔོན་འབྱུང་རབས་བྱིས་པ་དགའ་བའི་རྣ་རྒྱན།[4] (n.d) འདི་ནང་ལུ་གསུངས་དོ་བཟུམ་སྦེ་ ལྷ་འདྲེ་འདི་ཚུ་གིས་གནོདཔ་བསྐྱལཝ་ད་ལུ་ གསོལ་མཆོད་འབད་ཐངས་འདི་ ནང་པའི་ཆོས་ཀྱི་བསྟན་པ་མ་དརཝ་ལས་ བོན་གྱི་ལུགས་སྲོལ་ལུ་འགྱུར་སོང་ནུག། གཡུས་སྒོ་ནང་གི་ གནས་བདག་འདི་ཚུ་ལུ་ ནང་པའི་ལུགས་ལྟར་ གསོལ་མཆོད་འབད་ནི་ཅིག་ ཡོད་ག་ཟེར་བ་ཅིན་ འདི་ཡང་ཡོད། དཔེར་ན་ གཡུས་སྒོ་ནང་གི་ རྒྱལཔོ་དང་བཙན་འདི་ཚུ་ཡང་ གནས་བདག་ཨིནམ་ལས་ འདི་ཚུ་ལུ་ནང་ཆོས་ཀྱི་ལུགས་ལྟར་དུ་སྦེ་ གཏོརམ་བཞེངས་ ཆོ་ག་བཏང་སྟེ་ གསོལ་མཆོད་འབད་ནི་ཡོདཔ་ཨིན།

 

           འདི་བཟུམ་སྦེ་ གོང་ལུ་བཤད་མི་ གུང་ལྷ དཀར་པོའི་ནང་ལས་ ཤ་རང་བཙན་ཟེར་མི་འདི་ སྦེ་བ་ཅིན་ གཡུས་སྒོ་ནང་གི་བཙན་སྦེ་ ཡིད་ཆེས་བསྐྱེད་ཐོག་ལས་ ནང་པའི་ལུགས་ལྟར་ གཏོརམ་སོ་སོ་བཞེངས་ ཆོ་ག་བཏང་སྟེ་ ཆོས་སྲུང་དང་གཅིག་ཁར་འབད་ནི་ཡང་ཡོདཔ་ཨིན། དེ་སྦེཝ་ལས་བརྟེན་ གཡུས་སྒོ་ནང་གི་ ལྷ་གསོལ་དང་ ཀླུ་གསོལ་ བཙན་གསོལ་ ལ་སོགས་པ་ཚུ་ག་ཅི་རང་ཨིན་རུང་ བོན་ལུགས་ལྟར་ གསོལ་ཚུལ་གཅིག་དང་ ནང་པའི་ཆོས་ལུགས་ལྟར་དུ་སྦེ་གསོལ་གཅིག་ ཁག་མ་འདྲཝ་གཉིས་སྦེ་བྱུང་ནུག འདི་གི་ཡང་མ་དོ་བར་ གཡང་ཁུག་ ལྷ་བསང་འཁྲུད་གསོལ་འབད་ནི་ལ་སོགས་པ་ཚུ་ཡང་ བོན་ལུགས་དང་ཆོས་ལུགས་གཉིས་སྦེ་ཡོདཔ་ཨིནམ་ཡང་ཤེས་དགོཔ་འདུག

 

           གཏོརམ་དང་ཚོགས་ རྡོ་ལེབ་གུ་ ཕུལ་དགོ་པའི་ཁུངས་ ག་ཅི་ཨིན་ན་ཟེར་བ་ཅིན་ འདི་གི་ཁུངས་ སྐྱལ་ཚུགས་མི་ ག་ཡང་མེདཔ་ལས་ ཞིབ་འཚོལ་པ་ང་གིས་འབད་བ་ཅིན་ ཧེ་མའི་དུས་ལུ་ ད་རིས་ནང་པ་བཟུམ་གྱི་ རྒྱུ་ནོར་ཚུ་མེདཔ་ལས་ ལྷ་ལུ་ཕུལ་ནི་འདི་ མི་གི་བང་ཆུང་ནང་ མི་བཏུབ་སྦེ་ཟེར་མནོ་སྟེ་ ལྷ་ལུ་ཕུལ་ནི་གི་དོན་ལས་ རྡོ་ལེབ་གཉིས་བཟོ་སྟེ་ འདི་གུ་ ཕུལ་ཕུལཝ་ཨིན་པས་ཟེར་བའི་བསམ་འཆར།

 

          མྱ་མར་ཤིང་གི་དར་ཤིང་དང་ལུག་གི་བལ་དགོ་པའི་ཁུངས་ག་ཅི་ཨིན་ན་ཟེར་བ་ཅིན།  གོང་ལུ་བཤད་དོ་བཟུམ་ ཧེ་མ་བོན་པོ་ཆ་ཁྱབ་ཀྱིས་ བོན་གྱི་ལྷ་གསོལ་ འབད་ནི་རནམ་ད་ལུ་ ལུག་ལ་སོགས་པའི་སེམས་ཅན་ཚུ་ མྱ་མར་ཤིང་གུ་ བཏགས་ཏེ་ བསད་ཞིནམ་ལས་ ཤ་ཁྲག་དམར་གྱི་མཆོད་པ་ཕུལ་ཡོདཔ་ལས་ ཤུལ་ལས་བླམ་འདི་ཚུ་གིས་ ཧེ་མའི་བོན་ནག་འདི་ ནང་ཆོས་ཀྱི་ལྟ་བ་དང་འགལ་བ་ཨིནམ་ལས་བརྟེན་ དམ་ལ་བཏགས་ཏེ་ ཤ་ཁྲག་དམར་གྱི་མཆོད་པ་ཕུལ་མ་ཆོགཔ་བཟོ་ནུག་ ཨིན་རུང་ ཁོང་ལུ་གསོལ་མཆོད་མ་འབད་བ་ཅིན་ གནོད་པ་སྐྱེལཝ་ལས་བརྟེན་ ཧེ་མའི་ཚུལ་མ་ཉམས་པར་ ཤ་ཁྲག་གི་མཆོད་པ་མིན་པར་ དཀར་ཟས་ཀྱི་ཐོག་ལས་ མྱ་མར་ཤིང་དང་ལུག་གི་བལ་ ལག་ལེན་འཐབ་སྟེ་ ཕུལ་དགོཔ་སྦེ་བཟོ་གནང་ཡོདཔ་ལས་བརྟེན་ཏེ་ཨིན་པས་ཟེར་ (འབྲེལ་གཏོགས་འབད་མི་ག་པས)།

 

ད་ལྟོ་གི་གནས་སྟངས།

གུང་ལྷའི་གསོལ་མཆོད་སྐབས་ ཧེ་མ་དང་ད་ལྟོའི་བར་ནང་ འགྱུར་བ་ག་ཅི་རང་འགྱོ་འདི་ཡོདཔ་ཨིན་ན་ཟེར་བ་ཅིན་ ཚོགས་དང་གཏོརམ། ཆང་བསྐོལ་ལ་སོགས་པ་ཚུ་ ཧེ་མ་བཟུམ་རང་ ཕུལ་དགོཔ་ལས་ འགྱུར་བ་མེདཔ་མ་ཚད་ དུས་ཚོད་ འདི་ལུ་ཡང་ འགྱུར་བཅོས་ག་ནི་ཡང་མེད་ཟེར་ (འབྲེལ་གཏོགས་འབད་མི་ཀ་པས།) བཤད་ནི་འདུག། ཨིན་རུང་ ད་རིས་ནང་པ་ གོང་ལུ་བཤད་དོ་བཟུམ་ ལོ་གཅིག་ལུ་ཚར་གཅིག་ལས་ཕུལ་ནི་མེདཔ་ལས་ དུམ་གྲ་ཅིག་འགྱུར་བ་འགྱོད་དེ་འདུག། གསོལ་མཆོད་ཕུལ་ནི་ཟས་སྦྱོར་གྱི་རིགས་ལུ་འབད་བ་ཅིན་ ཧེ་མ་དང་ད་ལྟོ་གི་བར་ན་ འགྱུར་བཅོས་ག་ནི་ཡང་མེད་པ་ སྔར་ག་ཨིནམ་ འདི་བཟུམ་སྦེ་ར་ ལག་ལེན་འཐབ་སྟེ་འདུག།

 

མ་ཉམས་པར་བཞག་ནི་གི་ཐབས་ལམ།

སྤྱིར་བཏང་ལམ་སྲོལ་ཚུ་ག་ར་ཉམས་འགྱོ་དོ་ཡོདཔ་ལས་ གུང་ལྷ་དཀར་པོ་གསོལ་ནི་གི་ལམ་སྲོལ་ཡང་ ཉམས་འགྱོ་དོ་ཡོདཔ་ཨིན། ཉམས་དགོ་པའི་གདན་དོན་གཙོ་བོ་ར་ གོང་ལུ་བཤད་དོ་བཟུམ་ ན་གཞོན་ཚུ་ག་ར་ ས་གནས་གཞན་འགྱོ་དེ་ ཐ་ཟུར་གྱི་གཡུས་སྒོ་ཚུ་ག་ར་ སྟོངཔ་སྦེ་ལུས་ གཡུས་ཁར་ཧེ་མ་འབད་སྲོལ་ཡོད་པའི་ལམ་སྲོལ་ཚུ་ ལག་ལེན་འཐབ་མ་ཚུགས། བུ་བརྒྱུད་ཚུ་གིས་ འདི་གི་སྐོར་ལས་མ་ཤེསཔ་ལས་བརྟེན་ རིམ་པ་བཞིན་དུ་མར་ཉམས་དོ་ཡོདཔ་ཨིན། དེ་འབདཝ་ལས་ མ་ཉམས་པ་བཞག་ནི་གི་ཐབས་ལམ་འདི་ དར་ཚུལ་གྱི་ལོ་རྒྱུས་དང་གསོལ་མཆོད་ཕུལ་ཐངས། གསོལ་མཆོད་ཕུལ་དགོས་པའི་ཁུངས་ཚུ་ ཞིབ་འཚོལ་འབད་དེ་ གཞན་ལུ་སྤེལ་ནི་ གཡུས་སྒོ་འདི་ནང་ཡོད་པའི་མི་ཚུ་ སེམས་ཤུགས་བསྐྱེད་བཅུག་ནི་ལས་ལྷག་སྟེ་ གཞན་འབད་ཐབས་ག་ནི་ཡང་མིན་འདུག།  

 

སྤྱིར་བཏང་གུང་ལྷའི་རིགས།  

གུང་ལྷ་དཀར་པོ། གུང་ལྷ། གུང་ལྷ་བྷ་ལིང་མོ། ལྷ་གསོལ། ཟེར་གཡུས་སྒོ་སོ་སོར་ནང་ ལེ་ཤ་ཡོད་དོ་བཟུམ་སྦེ་ མཚོགས་རྫས་སྐབས་ མར་དང་དར་ཚིལ་ ཆང་བསྐོལ་ཚུ་ཕུལ་དགོ་ཨིན་རུང་ དུས་ཚོད་དང་ཕུལ་ཐངས་ བཅའ་སྒྲིག་རྐྱབ་ཐངས་དང་གཏོརམ་ལས་འགོ་བཟུང་སྟེ་ མ་འདྲཝ་ སོ་སོར་འདུག་ཟེར་ཞུ་ནི། དཔེ་འབད་བ་ཅིན་ བུ་ལི་གི་གུང་ལྷ་བཟུམ་ཅིག་འབད་བ་ཅིན་ གཏོརམ་ཚུ་བཞེངས་ ཚོགས་བཤམས་ཚར་བའི་ཤུལ་ལས་ ཆོ་ག་བཏང་སྟེ་གསོལ་ཡོད་རུང་ གུང་ལྷ་དཀར་པོ་དང་གུང་ལྷ་བྷ་ལིང་མོ་གི་སྐབས་ ཁ་ལས་འདོད་སྨྲེང་འབད་ནི་མ་གཏོགས་ ཆོ་ག་བཏང་སྲོལ་མིན་འདུག་གོ །

 

 

 

མཇུག་བསྡུ།

མདོར་བསྡུ་བ་ཅིན་ ང་བཅས་རའི་དཔལ་ལྡན་འབྲུག་གི་རྒྱལ་ཁབ་ ཤར་ཕྱོགས་ལུ་ གུང་ལྷ་ཟེར་མི་ འགོ་ཐོག་དང་པ་ བོད་ཀྱི་རྒྱལ་པོ་ ཉ་ཁྲི་ཟེར་མི་འདི་ འབྲུག་ལུ་བྱོན་ཞིནམ་ལས་ཚུར་དར་ཡོད་དོ་བཟུམ་སྦེ་ བོན་ཆོས་ཡང་ རྒྱལཔོ་འདི་གི་སྐབས་དར་ནུག་ དུས་འདི་ལས་འགོ་བཟུང་སྟེ་ གུང་ལྷ་ སྒ་བཟང་ མཁར་ཕུད། ཡུལ་ལྷ། བོན་པོའི་ལྷ་བསང་ དགྲ་ལྷ་དཔང་བསྟོད་ ཟེར་མི་ལ་སོགས་པ་ བོན་གྱི་ཆོས་ལུགས་ གཡུས་སྒོ་སོ་སོ་ནང་ལུ་ འབད་ཐངས་མ་འདྲཝ་ མ་འདྲཝ་སྦེ་དར་ཁྱབ་སོང་ནུག དེ་ལས་འདི་བཟུམ་སྦེ་ གུང་ལྷ་དཀར་པོ་ཟེར་མི་འདི་ཡང་ བོད་ལས་རྒྱལཔོ་ཉ་ཁྲི་ཟེར་མི་འདི་བྱོན་ཞིནམ་ལས་ཚུ་དར་བའི་ གུང་ལྷའི་རིགས་གཅིག་ཨིནམ་ལས་ བོན་ཆོས་ཀྱི་ཁོངས་སུ་གཏོགསཔ་ཨིན་པས། འདི་ཡང་བཀྲ་ཤིས་གཡང་རྩེ་ སྟོང་ཞང་ཕྱོགས་ལས་ བུ་བརྒྱུད་ཚུ་ ལུང་ཕྱོགས་ སོ་སོར་ནང་ མངའ་འབངས་བསྐྱོངས་ཏེ་བཞུགས་དོ་བཟུམ་ བོན་ཆོས་ཡང་ འདི་གི་སྐབས་ རིམ་པ་བཞིན་ ལུང་ཕྱོགས་ལས་ཕར་དར་ཁྱབ་སོང་ནུག།

 

                  དེ་ཚེ་བོན་ནག་དང་བོན་དཀར་གཉིས་ཆ་དར་ཡོད་ས་ལས་ གུང་ལྷ་དཀར་པོ་ ཤ་ཉའི་སྒྲིབ་ཚུ་ག་ནི་ཡང་མེད་པར་ ཧེ་མ་ཕམ་གྱི་སྐབས་ལུ་ ཕུལ་དོ་བཟུམ་སྦེ་ ཕུལ་དགོཔ་ཨིནམ་ལས་ བོན་དཀར་གྱི་ཁོངས་སུ་གཏོགསཔ་ཨིནམ་པས། གདོང་ལ་དང་ཤ་རང་བཙན་ཟེར་མི་གཉིསཔོ་འདི་ ཡུལ་གྱི་གནས་བདག་གཅིག་ཨིནམ་ལས་ ཁོང་གཉིས་ཀྱིས་གནོདཔ་བསྐྱེལཝ་ད་ལུ་ གདོན་བཅོས་འབད་ཐངས་འདི་ ནང་པའི་ཆོས་ལུགས་མ་དརཝ་ལས་བརྟེན་ བོན་ལུགས་ལྟར་དུ་སྦེ་ཡར་སོང་ནུག

 

                    བོན་གྱི་ལུགས་ལྟར་ ཡུལ་ལྷ་ཚུ་ལུ་གསོལ་མཆོད་ཕུལ་ནི་རྐྱངམ་ཅིག་གི་མ་ཚད་པར་ བསང་གསོལ་དང་ལྷ་གསོལ་ཚུ་ཡང་ཡོདཔ་ཨིན། འདི་ཡང་ (བསང་དང་ལྷ་གསོལ[5], n.d) ཟེར་མི་འདི་ནང་ “བཙན་གྱི་རྒྱལ་པོ་ཧོར་པོ་རྒྱང་རལ་བསངས་སོ། །དཔལ་མགོན་ཡེ་ཤེས་མགོན་པོ་བསངས་སོ། །གཟའ་ར་ཧུ་ལ་(རའུ་ལ) བསངས་སོ། །གཞན་ཡང་ཕོ་ལྷ་དགྲ་ལྷ་བསངས་སོ། །མོ་ལྷ་ཞང་ལྷ་བསངས་སོ། །” ཟེར་གསུངས་ཏེ་འདུག དེ་སྦེཝ་ལས་བརྟེན་ ནང་ཆོས་ལྟར་དུ་སྦེ་ ཤ་རང་བཙན་ལུ་ གསོལ་མཆོད་ཕུལ་ཚུལ་གཅིག་ཡོད་པའི་ཁུངས་ཡང་ (ཤ་རང་བཙན་གྱི་གསོལ་ཁ་, n.d) “ཀྱེ། ད་ནི་ཆེ་མཆོད་ཆུང་མཆོད་ཀྱང་། །ཕུ་གཅིག་ཤ་རང་བདག་པོ་མ་མཆོད་དོ། །ད་ནི་ཕུ་གཅིག་ཤ་རང་བདག་པོ་མཆོད། །ཡར་གྱི་རི་གསུམ་འཛོམས་པའི་རྩེ་ཤེས་ན། །རིན་ཆེན་སྣ་ལྔའི་མཁའ་རོ་ལ། །” ཟེར། གསུངས་ཏེ་ཡོད་མི་འདི་ཨིན།

 

                   འདི་བཟུམ་གྱི་ལུགས་སྲོལ་འདི་ཚུ་ མང་ཆེ་བ་ཉམས་ཡོད་རུང་ གུང་ལྷ་དཀར་པོའི་གསོལ་མཆོད་ཀྱི་ལུགས་སྲོལ་འདི་སྦེ་བ་ཅིན་ མ་ཉམས་པར་ ད་ལྟོའི་བར་ན་ཡང་ དར་ཏེ་སྡོད་ནུག ཨིན་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ མི་འདི་ཚུ་གི་སེམས་ཡང་འགྱུར་ཏེ་ གཡུས་སྒོ་ལས་ ཁྲོམ་ཁར་སོང་སྟེ་ གཡུས་སྒོ་སྟོངམ་དུ་ལུ་འགྱུར་དོ་བཟུམ་སྦེ་ འདི་བཟུམ་གྱི་ ལམ་སྲོལ་ཡང་ཉམས་ཏེ་ སྟོངམ་ལུ་འགྱུར་ནི་གི་དུས་ཚོད་ལུ་ལྷོད་དེ་ཡོདཔ་ཨིན། །

 

 

 

 

 

                           གུང་ལྷའི་གཏོརམ་ བཞེངས་སའི་རྡོ་ལེབ།

 

 

 

 

 

 

 

 

 


གུང་ལྷའི་ལྷ་ཤིང་།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

                     ཚོགས་རྫས་ཕྱི་ཁར་གཏོར་བའི་མཐོང་སྣང་།

 

 

 

 

 

 

 

 

 

 

 

 

 

 

 

 

རྒྱབ་རྟེན་དཔེ་དེབ།

 

བསང་དང་ལྷ་གསོལ. (n.d).

༢ ཤ་རང་བཙན་གྱི་གསོལ་ཁ་. (n.d). n.d.                                                                           

༣ ཉང་ཉི་མ་འོད་ཟེར།. (༡༩༨༨). ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩའི་བཅུད།. བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། .

༤ བཀྲ་ཤིས་དབང་མོ།. (n.d). YUL AND YUL LHA: The Territory and its Deity in Bhutan.

༥ བསྟན་འཛིན་རྡོ་རྗེ།. (n.d). འབྲུག་ཤར་ཕྱོགས་སུ་རྗེ་དཔོན་འབྱུང་རབས་བྱིས་པ་དགའ་བའི་རྣ་རྒྱན།. ལགས་བྲིས་མ།.

༦ འཇིགས་བྲལ་ཡེ་ཤེས་རྡོ་རྗེ།. (༢༠༡༣). གངས་ཅན་བོད་ཆེན་པོའི་རྒྱལ་རབས་འདུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་།. Taiwan.

༧ ཨྱོན་དཔལ་རྒྱན།. (n.d). Kharphud-A Non Buddhist Lhasol Festival of Eastern Bhutan.

༨ མཁན་པོ་ཚུལ་ཁྲིམས་བློ་གྲོས།.  (n.d) དེང་རབས་བསླབ་བྱའི་བཤད་འགྲེལ། བླང་དོར་ལམ་སྟོན། printed in Taiwan

༩ འབྲེལ་གཏོགས་པ། གཡུས་ཁའི་ བླམ་སྐལ་ལྡན།  ལྷ་གསོལ་ཤེས་མི་ ཨྱོན་རྡོ་རྗེ། ཡེ་ཤེས་མགོན་པོ། གཡུས་ཁའི་ བརྩིསཔ་བགྲེསཔ་ ཀརྨ།

 



[1] བཀྲིས་གཡང་རྩེ་ བྲག་རྩའི་གཡུས་ཚན་ལུ་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་པའི་ གུང་ལྷའི་གསོལ་མཆོད་ཀྱི་ ཞིབ་འཚོལ་གྱི་དོན་ལུ་ ལས་རིམ་ནང་དངོས་སུ་སྦེ་ བཅའ་མར་བཏོགས་འདི་  ཞིབ་འཚོལ་འབད་ཡོད་པའི་གྲུབ་འབྲས་ཨིན། ཞིབ་འཚོལ་གྱི་དོན་ལུ་ བཅའ་མར་བཏོགས་མི་དང་རྒྱབ་སྐྱོར་གནང་མི་ ཡུས་ཁའི་ བླམ་སྐལ་ལྡན།  ལྷ་གསོལ་པ་ ཨྱོན་རྡོ་རྗེ། ཡེ་ཤེས་མགོན་པོ། གཡུས་ཁའི་ བརྩིསཔ་བགྲེསཔ་ ཀརྨ་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཞུཝ་ཨིན།

 

[2] མཁན་པོ་ཚུལ་ཁྲིམས་བློ་གྲོས། དེང་རབས་བསླབ་བྱའི་བཤད་འགྲེལ། (nd) ཤོག་གྲངས། ༣༧༧།

[3] བསྟན་འཛིན་རྡོ་རྗེ། འབྲུག་ཤར་ཕྱོགས་ཀྱི་རྗེ་དཔོན་འབྱུང་རབས་བྱིས་པ་དགའ་བའི་རྣ་རྒྱན། (n.d) ཤོག་གྲངས། (༥) ལགས་བྲིས་མ།

[4] བསྟན་འཛིན་རྡོ་རྗེ། འབྲུག་ཤར་ཕྱོགས་ཀྱི་རྗེ་དཔོན་འབྱུང་རབས་བྱིས་པ་དགའ་བའི་རྣ་རྒྱན། (n.d) ཤོག་གྲངས། (༥) ལགས་བྲིས་མ།

[5] བསང་དང་ལྷ་གསོལ། (n.d) ཤོགས་གྲངས། (༡༤)