༄༅། །དྲིན་ཅན་གྱི་ཕམ་ལུ་ དྲིན་ལན་འཇལ་ནི་གི་
ཐབས་ལམ་དང་ དྲིན་ལན་འཇལ་དགོ་པའི་ཁུངས་ལུང་མདོར་བསྡུས།
མ་གྱུར་མཁའ་ཁྱབ་འགྲོ་བའི་སེམས་ཅན་རྣམས། །མ་དག་འཁོར་བའི་འདམ་ནས་འགྲོལ་བྱའི་ཕྱིར།
།
མ་ལྟར་བརྩེ་བའི་ཕྱག་གིས་སྡུག་བསྔལ་རྣམས། །མ་ལུས་སེལ་མཛད་དཔལ་ལྡན་བླ་མར་འདུད།
།
འཕྲི̥̥ན་ཡིག་རྩོམ་པའི་དཔལ་ལ་དབང་གྱུར་ཞིང་།
།ལ̥ས་ཉོན་སྒྲིབ་བྲལ་སྟོན་ཀའི་ཟླ་ལྟར་བཀྲ། །
རྒྱལ̥་ཀུན་ཡུམ་གྱུར་ཚང་སྲས་ལྷ་མོ་མཆོག །མཚ̥ན་ནས་བརྗོད་པས་བློ་གྲོས་སྤོབས་པ་སྩོལ།
།
ཞེས་མཆོད་པར་བརྗོད་པའི་མེ་ཏོག་གིས་
མདུན་བསུ་སྟེ་གང་ཞིག་བྲི་བར་བྱ་བ་ནི།
དང་པ་དྲིན་ཅན་གྱི་ཕམ་ལུ་དྲིན་ལན་འཇལ་ནི་གི་ཐབས་ལམ།
དེ་ཡང་ཁམས་གསུམ་འཁོར་བ་ནང་ལུ་
ཐོག་མ་མེད་པའི་དུས་ལས་ ད་ལྟོ་ཚུན་ ག་ཅི་བཟུམ་གྱི་ལུས་ལུ་ཡང་ གྱངས་ཁ་མ་ཆོདཔ་ལེན་ཚརཝ་ལས་
སེམས་ཅན་ག་ར་ལུ་ བཀའ་དྲིན་བསམ་ཏེ་ དྲིན་ལན་འཇལ་དགོཔ་ཨིན། ཨིན་རུང་སེམས་ཅན་ག་ར་ལུ་ ཕམ་གྱི་འདུ་ཤེས་བསྐྱེད་དེ་
དྲིན་ལན་འཇལ་མ་ཚུགས་རུང་ ད་ལྟོ་གི་ཕམ་ལུ་ བཀའ་དྲིན་བསམ་ཞིནམ་ལས་ དྲིན་ལན་འཇལ་དགོ། འདི་ཡང་ག་ཁྱབ་ཟེར་བ་ཅིན་
ཕམ་ཟེར་མི་འདི་ ཚེ་ད་ལྟོ་གི་ལུས་བྱིནམ་གི་མ་ཚད་ ཆབ་བསང་ནང་ལས་ ཁམ་ལོག་ནི་མེད་པར་ ལགཔ་གིས་ལེན་ཏེ་ཆུ་ཁྱུ།
ལྟོ་བཟའ་མ་ཤེས་རུང་ ལྟོ་བཟའ་ནི་ལས་འགོ་བཟུང་སྟོན། ཁ་སླབ་མ་ཤེས་རུང་ ཁ་བསླབ་ཐངས་སྟོན་བྱིནམ་ལས་
བཀའ་དྲིན་འགྲན་ཟླ་མེད་པའི་ཡུལ་གཅིག་ཨིནམ་ལས་ ཐབས་ལམ་སྣ་ཚོགས་ཀྱི་ཐོག་ལས་ དྲིན་ལན་འཇལ་དགོ
།
དྲིན་ལན་འཇལ་ནི་གི་ཐབས་ལམ་ག་ཅི་ར་ཡོདཔ་ཨིན་ན་ཟེར་བ་ཅིན།
ཐིམ་ཕུག་ ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བ་གི་སློབ་དཔོན་ བསྟན་འཛིན་ ནོར་བུ་གིས་སླབ་མི་ནང་
ཐབས་ལམ་མ་འདྲཝ་ལེ་ཤ་ཡོད་རུང་ ཐབས་ལམ་དྲག་ཤོས་འདི་ དམ་པའི་ཆོས་ཀྱི་ཐོག་ལས་ དྲིན་ལན་འཇལ་ཚུགས་པ་ཅིན་
ལེགས་ཤོམ་ཨིན། འདི་ཡང་དྲང་དོན་ལས། ལག་པའི་མཐིལ་བཞག་རི་རབ་བསྐོར་ཡང་ཕ་མའི་དྲིན་མི་འཁོར།
།སྤྱི་གཙུག་བཞག་ནས་སུམ་ཅུ་རྩ་གསུམ་གནས་སུ་བསྐྱལ་ཡང་ཕ་མའི་དྲིན་མི་འཁོར། །འཛམ་གླིང་ཞིམ་དགུའི་ཟས་བཙལ་གསོས་ཀྱང་ཕ་མའི་དྲིན་མི་འཁོར།
།ཟེར་གསུངས་དོ་བཟུམ་ ཕམ་གཉིསཔོ་ལག་པའི་སྦུག་ལུ་བཞག་སྟེ་ རི་རབ་སྐོར་ནི་དང་། མགུ་ཏོ་གུ་བསྐྱལ་ཏེ་
ལྷ་ཡུལ་ལུ་བསྐྱལ་ནི། ཟས་ཞིམ་ཡོད་ཚད་བྱིན་ཏེ་ ཞབས་ཏོག་ཞུ་རུང་ དྲིན་ལན་འཇལ་ཐབས་མེད་ཟེར་ཨིན་པས།
འདི་མ་ཚད་
བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། སེམས་ཅན་ལ་དམིགས་སྙིང་རྗེ་ནི། །དམྱལ་བ་ཡི་དྭགས་བྱོལ་སོང་སོགས།
།སྡུག་བསྔལ་མྱོང་བ་ཐམས་ཅད་ཀུན། །རང་གི་དྲི་ཆེན་མ་གྱུར་མེད། །འདི་དག་ལ་དམིགས་སྙེང་རེ་རྗེ།
།དེ་དོན་བྱང་ཆུབ་ཆེན་པོ་བྱ། །ཟེར་གསུངས་དོ་བཟུམ་ ཕམ་ཚུ་གི་དོན་ལས་ བྱང་ཆུབ་ཀྱི་སེམས་བསྐྱེད་དེ་ཆོས་འབད་ནི་།
ཡང་ཅིན་ ང་བཅས་བུ་གཞི་ཚུ་གིས་ ཕམ་གཉིས་ལུ་ དགེ་སྡིག་བླང་དོར་གྱི་སྐོར་ལས་སྟོན་ནི། ཡང་ཅིན་བླམ་ཚུ་གི་སྐུ་མདུན་ལུ་འཁྱིད་དེ་
དམ་པའི་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་བཅུག་པ་ཅིན་ ཕམ་གཉིས་ཀྱི་དྲིན་ལེན་འཇལ་ཚུགས་ཟེར་ཨིན་པས།
འདི་བཟུམ་སྦེ་རང་
མཁན་པོ་འགྱུར་མེད་བློ་གྲོས་རྒྱ་མཚོ་གིས་གསུངས་མི་ནང་ ཕམ་གཉིས་ཀྱི་བློ་སེམས་ཆོས་ལུ་བསྒྱུར་ཏེ་
ཆོས་ཉམས་སུ་ལེན་བཅུག་པ་ཅིན་ དྲིན་ལེན་འཇལ་ནི་གི་ཐབས་ལམ་ནང་ལས་དྲག་ཤོས་གཅིག་ཨིན། ཨིན་རུང་
གལ་སྲིད་འདི་བཟུམ་འབད་མ་ཚུགས་པ་ཅིན་ ཕམ་གཉིས་ལུ་ ཁ་ལས་ཚིག་རྩུབ་སླབ་ནི་མེན་པར་ ཚིག་འཇམ་གྱི་ཐོག་ལས་སླབ་སྟེ་
ཕམ་གཉིཔོ་སེམས་སྐྱོ་ བུ་གཞི་ལུ་ལྟ་སྟེ་ བློ་འགྱོ་བསྐྱེད་མ་བཅུག་པར་ བྱིན་ནི་མེད་རུང་
སེམས་དགའ་བཅུག་སྟེ་ དགའ་ཏོང་ཏོ་དང་སྐྱིད་ཏོང་ཏོ་གི་ཐོག་ལས་ བཞག་ཚུགས་འདི་ འབད་རུང་བཏུབ་ཟེར་གསུངས་ནི་འདུག
།
འདི་མ་ཚད་
སློབ་དཔོན་ འཇལ་དཔལ་ རྒྱལ་མཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བུ་གཞི་ཚུ་རང་མགོ་རང་གིས་དྲོང་སྟེ་
བསྡད་ཚུགས་པའི་དུས་ལུ་ ལྷོདཔ་ད་ ཕམ་ལ་ལོ་ ཚེ་ལས་འདས་པའི་དུས་ཤརཝ་ལས་ རྒྱུ་ནོར་ལོ་སྤྱོད་ཀྱི་ཐོག་ལས་ཞབས་ཏོག་ཞུ་ནི་གི་ཐབས་ལམ་མེད།
ཨིན་རུང་ རང་གིས་ཕམ་གི་དོན་ལས་ དམ་པའི་ཆོས་སྣ་གཅིག་ཨིན་རུང་ བསྒྲུབ་པ་ཅིན་ དྲིན་ལན་འཇལ་ཚུགས་ནི་གི་ཐབས་ལམ་འདུག་ཟེར་ཨིན་མས།
གོང་ལུ་བཤད་མི་ལུ་ལྟ་བ་ཅིན་ ཕམ་ཚུ་ལུ་ བཀའ་དྲིན་བསམ་སྟེ་ ཕམ་ལོ་ན་རྒས་རུང་མ་རྒས་རུང་
ངོ་ལོག་འབད་ནི་མེན་པར་ ལུས་ངག་ཡིད་གསུམ་གྱི་ཐོག་ལས་ ཕྱག་དང་ཞབས་ཏོག་ཞུ་དགོཔ་མ་ཚད་ ཞུ་ནི་ཐབས་ལམ་ཡང་
ལེ་ཤ་ཡོད་ས་ལས་ མཆོག་ཏུ་གྱུར་པ་འདི་ཆོས་ཨིནམ་ལས་ ཆོས་ཀྱི་ཐོག་ལས་དྲིན་ལན་འཇལ་ཚུགས་པ་ཅིན་ལེགས་ཤོམ་ཨིན་ཟེར་ཨིན་པས།
དྲིན་ལན་འཇལ་ནི་གི་དོན་ལས་
ག་ཅི་འབད་དགོཔ་ཨིན་ན་ ཕམ་ལུ་ག་ཅི་བྱིན་དགོཔ་ཨིན་ན་ཟེར་བ་ཅིན། དྲིན་ལན་འཇལ་ནི་གི་དོན་ལས་
ཕམ་ལུ་དངུལ་ལ་སོགས་པ་ རྒྱུ་ནོར་ཚུ་བྱིན་དགོཔ་འདི་ཁག་ཆེ་རུང་ རྒྱུ་ནོར་འདི་ཚུ་གིས་ དྲིན་ལན་འཇལ་ནི་ལས་ཐབས་ལམ་དྲག་ཤོས་འདི་
དམ་པའི་ཆོས་ཀྱི་ཐོག་ལས་དྲིན་ལན་འཇལ་ནི་འདི་ཨིནམ་ལས་ རབ་བྱུང་པ་ཅིན་དམ་པའི་ཆོས་ཀྱི་ཐོགས་ལས་དྲིན་ལན་འཇལ་དགོཔ་ཨིན་པས།
རྒྱུ་མཚན་འདི་ཡང་ (ལྷ་བབས་དུས་ཆེན།, ༢༠༡༨) ཟེར་བའི་འབྲི་རྩོམ་གྱི་ནང་ལུ་བཀོད་ཡོད་དོ་བཟུམ་
སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་ ༤༡་ ཞེསཔ་ད་ཡུམ་སྒྱུ་མ་ལྷ་མཛེས་ འདོད་ཁམས་ཀྱི་ལྷའི་ལུས་ལེན་ཡོདཔ་མཁྱེན་ཏེ།
ཡུམ་གྱི་དྲིན་ལན་འཇལ་ནི་གི་དོན་ལས་ དགའ་ལྡན་ལྷ་ཡུལ་ལུ་བྱོན་ཞིནམ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ཀྱི་གཙོས་པའི་
ལྷ་གྱངས་ཁ་མ་ཆོདཔ་ཅིག་ལུ་ ཆོས་གནང་སྟེ་བདུན་ཕྲག་གཅིག་བཞུགས་ནུག། དེ་འབད་ཆོས་གནང་སྟེ་བཞུགས་དགོ་མི་འདི་ཡང་
ཆོས་གསུངས་ཏེ་ ཡུམ་གྱི་དྲིན་ལན་འཇལ་ནི་གི་དོན་ལུ་ཨིན་པས། དེ་འབདཝ་ལས་ ང་བཅས་ཆ་ཁྱབ་ཀྱིས་ཡང་
ཕམ་གི་དྲིན་ལན་འཇལ་ནི་གི་དོན་ལས་ རང་གི་བློ་སེམས་ཆོས་ལུ་འགྱུར་ཏེ་ ཆོས་འབད་ནི། ཡང་ཅིན་
ཕམ་གཉིསཔོ་ ཆོས་འབད་བཅུག་ནི་ཚུ་འབད་བ་ཅིན་ དྲིན་ལན་འཇལ་ནི་གི་ཐབས་ལམ་ དྲག་ཤོས་འདི་ཨིན་པས།
འདི་བཟུམ་སྦེ་རང་
(ཕ་མའི་དྲིན་གཟོ་དང་འབྲེལ་བའི་མགུར་དབྱངས་ཐར་འདོད་སྙིང་གི་བདུད་རྩི།
nd) ཟེར་མི་འདི་མཇལ་ལྟ་བ་ཅིན་ སྐྱེ་བ་ཐོག་མ་མེད་པའི་དུས་ལས་ད་ལྟོ་ཚུན་
འཁོར་བ་འཁྱམས་ཏེ་སྡོད་པའི་སྐབས་ འགྲོ་བ་རིག་དྲུག་གི་སེམས་ཅན་ག་ཨིན་རུང་ རང་གི་ཕམ་ལུ་མ་འགྱུར་མི་
གཅིག་ཡང་མེད། ཕམ་འདི་ཚུ་ག་ར་བཀའ་དྲིན་ཅན་ ཤ་སྟག་ཨིནམ་ལས་ འདི་ཚུ་གི་དྲིན་ལན་འདི་ དམ་པའི་ཆོས་ཀྱི་
འའཇལ་བར་ཤོག་ཟེར་གསུངས་དགོ་མི་འདི་ཡང་ དྲིན་ལན་འཇལ་ནི་གི་ཐབས་ལམ་དྲག་ཤོས་འདི་ དམ་ཆོས་མ་གཏོགས་
གཞན་མེདཔ་ལས་བརྟེན་ཏེ་ཨིནམ་འདི་ཡང་ མགུར་དབྱངས་དང་མཁན་པོ་ལ་སོགས་པ་ཚུ་གིས་ གསུངས་མི་ལུ་ལྟ་སྟེ་
ཤེས་ཚུགས་པས།
ཕམ་ལུ་དྲིན་ལན་འཇལ་ནི་གི་ཐབས་ལམ་འདི་
དམ་པའི་ཆོས་ལས་གཞན་མིན་འདུག ཆོས་འདི་ང་གིས་འབད་མི་ཚུགས། དེ་འབདཝ་ལས་ ཕམ་ལུ་དྲིན་ལན་འཇལ་ནི་ཐབས་ལམ་མིན་འདུག་ཟེར་བ་ཅིན།
གོང་ལུ་བཤད་དོ་བཟུམ་ དྲིན་ལན་འཇལ་ནི་གི་ཐབས་ལམ་དྲག་ཤོས་འདི་ ཆོས་ཀྱི་ཐོག་ལས་ཨིན་རུང་
འདི་གི་མ་ཚད་ཐབས་ལམ་གཞན་ཡང་ལེ་ཤ་ཡོདཔ་ཨིན། མདོར་བསྡུ་བ་ཅིན་ ཁ་འཇམ་ ཚིག་སྙན་གྱི་ཐོག་ལས་
ཕམ་གིས་སླབ་མི་ཁ་ལུ་ཉན་ཏེ་ ཕམ་གི་མནོ་དོན་ཚུ་བསྒྲུབ་ཚུགསཔ་འབད་ནི། ཕམ་ལུ་ངོ་རྒལ་འབད་དེ་
ཆང་དང་མྱོས་རྫས་ལོངས་སྤྱོད་ནི་ཚུ་སྤང་སྟེ་ ཕམ་གི་སེམས་ཁར་ཚུད་པའི་ལཱ་སྣ་གཅིག་ཨིན་རུང་
འབད་དེ་བྱིན་མི་འདི་ཡང་ ཕམ་གི་དྲན་ལན་འཇལཝ་ཨིན། འདི་མ་ཚད་ རང་སློབ་སྦྱོང་འབད་བའི་ནམ་དུས་ལས་སྦེ་རུང་
བཀྲ་མི་ཤིས་པའི་ལཱ་འབད་དེ་ གནས་ཚུལ་མ་ཧན་ ཕམ་གཉིས་ལུ་ གོ་མ་བཅུགས་པར་ བྱ་སྤྱོད་བཟང་པོ་འབད་
དཔེ་ཆ་ལེགས་ཤོམ་སྦེ་ལྷབ་སྟེ་ ཆོས་རྒྱུགས་ནང་ལས་ ཨང་དང་པ་གཉིས་པ། གསུམ་པ་ཚུ་ཐོབ་པའི་གནས་ཚུལ་དང་
ལཱ་གཡོག་ལེགས་ཤོམ་ཐོབ་པའི་གནས་ཚུལ་ ཧནམ་ཚུ་ ཕམ་གཉིས་ཀྱི་རྣ་བ་ལུ་ བཀལ་ཚུགས་འདི་སྦེ་རུང་
ཕམ་གཉིསཔོ་རང་ལུ་ལྟ་སྟེ་ ངལ་རངས་ སེམས་དགའཝ་ལས་ འདི་གིས་ཡང་ཕམ་གི་དྲན་ལན་འཇལཝ་ཨིན།
རབ་འབྱུང་པ་ཅིན་ བླམ་དགེ་བའི་བཤེས་གཉེན་བསྟེན་སྟེ་ དགེ་སྡིག་བླང་གི་དོར་གནས་ཧ་གོ་ཞིནམ་ལས་
བློ་སེམས་ཆོས་ལུ་འགྱུར་བཅུག་ནི་དང་། ཡང་ཅིན་ཕམ་ཚེ་ལས་འདས་ཏེ་སྦེ་རུང་ འཆི་ཁའི་བར་དོའི་སྐབས་
ཆོས་ཀྱི་ངོ་སྤྲོད་འབད་དེ་ བར་དོའི་འཇིགས་པའི་འཕྲང་ལས་ བསྒྲལ་ཚུགས་པ་ཅིན་ ཕམ་གི་དྲིན་ལན་འཇལ་ཚུགསཔ་ཨིནམ་ལས་
ཕམ་གི་དྲིན་ལན་འཇལ་དགོ་པ་ཅིན་ ངེས་པར་དུ་ སྒང་ཁྲོད་རི་ཁྲོད་འགྲིམ་ དགེ་སློང་ནང་འཛུལ་ཞིནམ་ལས་
རང་གིས་ཆོས་འབད་དེ་ ཕམ་གི་དྲིན་ལན་འཇལ་དགོཔ་མེད།
གཉིས་པ་ཕམ་གི་དྲིན་ལན་འཇལ་དགོ་པའི་ཁུངས།
ཕམ་ཚུ་ལུ་དྲན་ལན་འཇལ་དགོ་པའི་ཁུངས་ ག་ཅི་ཨིན་ན་ཟེར་བ་ཅིན་ (ཚིགས་སུ་བཅད་པའི་མདོ།, ༢༠༠༧) “བསྐལ་མང་བསགས་པའི་རྒྱུ་རྐྱེན་གྱིས། །ད་རིས་མ་ཡིས་མངལ་དུ་ཞུགས།
།ཟླ་བ་བརྒལ་ནས་འདོད་ལྔ་སྐྱེས། །བདུན་བདུན་སོང་ཏེ་དབང་དྲུག་ཕྱེས། །ལུས་ལྗི་རི་བོས་ནོན་དང་འདྲ།
།སྒུལ་སྐྱོད་བསྐལ་པའི་རླུང་ལས་འཇིགས། །” ཟེར་གསུངས་དོ་བཟུམ་
ཨའི་གི་མངལ་ལུ་འཁོར་ཞིནམ་ལས་ཚུ་ ཨའི་གི་གཟུགས་འདི་ རིའི་རྒྱལཔོ་རི་རབ་བཟུམ་
ལྗི་ཆེན་ལུ་གྱུར་ཏེ་ ཕར་ཚུར་སྤར་མ་ཚུགས།
སེམས་སྐྱོ་ནི་དང་ན་ནི་ཚ་ནི་ལ་སོགས་པའི་སྡུག་བསྔལ་ལེ་ཤ་མྱོང་སྟེ་ ང་བཅས་ཚུ་
སྐྱེ་སྐྱེཝ་ཨིནམ་ལས་ དྲིན་ལན་འཇལ་དགོ
དེ་ཡང་འཕགས་པ་བརྒྱད་སྟོང་པ་ལས།
མ་འདིས་བདག་ཅག་སྐྱེ་པ། །འདིས་དཀའ་བ་བྱེད་པ།
།བདག་ཅག་གི་སྲོག་བྱིན་པ། །འཇིག་རྟེན་ཀུན་སྟོན་པ་ཡིན་ནོ། །ཟེར་གསུངས་དོ་བཟུམ་
ཨའི་རྐྱངམ་ཅིག་ལུ་མནོ་བསམ་བཏང་འདི་སྦེ་རུང་ དང་པ་སྐྱེ་བའི་དྲིན། གཉིས་པ་དཀའ་བ་སྤྱད་པའི་དྲིན།
གསུམ་པ་སྲོག་བྱིན་པའི་དྲིན། བཞི་པ་འཇིག་རྟེན་སྟོན་པའི་དྲིན་ཡོདཔ་ཨིན།
དེ་འབདཝ་ལས་
མཁན་པོ་འགྱུར་མེད་བློ་གྲོས་རྒྱ་མཚོ་མཆོག་གིས་གསུངས་མི་ནང་ དྲིན་ལན་འཇལ་དགོ་པའི་ཁུངས་གཙོ་བོ་ར་
བཀའ་དྲིན་བསམ་ནི་གི་དོན་ལས་ཨིན། དཔེ་འབད་བ་ཅིན་ འཇིག་རྟེན་འདི་ནང་ བཀའ་དྲིན་སྦོམ་ཤོ་འདི་
སྲོག་གི་ཉེན་ཁ་ལས་བསྐྱབས་འབད་མི་འདི་ཨིན། འདི་ལུ་ག་ཅི་སྦེ་དྲིན་ལན་འཇལ་དགོཔ་སྨོ་ཟེར་བ་ཅིན་
ཁྱོད་ཀྱི་སྲོག་བསྐྱབས་འབད་ནི་འདི་གི་ ལོག་སྟེ་དྲིན་ལན་འཇལ་དགོ་ཟེར་གསུངས་ཡི། འདི་བཟུམ་སྦེ་རང་
འཇིག་རྟེན་ནང་གི་ཕམ་ཚུ་གིས་ ད་ལྟོ་གི་མི་ལུས་ ཕུན་སུམ་ཚོགས་པ་བྱིན་འདི་ཡོདཔ་མ་ཚད་ མི་གྲལ་ལུ་བཙུགས་གནང་ཡོདཔ་ལས་
ང་བཅས་ཚུ་འཇིག་རྟེན་ནང་སྐྱེས་ཚར་ཞིནམ་ལས་ ཕམ་གིས་བདག་འཛིན་མ་འབད་བ་ཅིན་ ད་ལྟོའི་གནས་བཏང་ནང་ལུ་
ལྷོད་མི་ཚུགས་ནི་ཨིན་མ་ལས་ འདི་བཟུམ་གྱི་གནས་བཏང་ནང་ལུ་སྡོད་ནི་གི་ གོ་སྐབས་འཐོབ་མི་འདི་
ཕམ་གི་བཀའ་དྲིན་ཁོ་ན་ལུ་བརྟེན་ཏེ་ཨིནམ་ལས་ དྲིན་ལན་འཇལ་དགོ་ཨིན་ཟེར་གསུངས་གནང་ཡི།
འཇིག་རྟེན་གྱི་དཔྱེ་གཏམ་ལས་ཡང་
རང་གཟུགས་ཕ་མ་ མ་འགྱུར་བར། ཕ་མའི་དྲིན་ལན་མི་ཚོར་ཟེར་སླབ་དོ་བཟུམ་ ཕམ་གིས་ བུ་གཞི་གི་དོན་ལས་
དཀཝ་ག་དེ་ཅི་སྤྱད་ནུག་ རང་གཟུགས་ཕམ་ལུ་འགྱུརཝ་ད་ལས་མི་ཤེས། དེ་འབདཝ་ལས་ ཕམ་ལུ་དྲིན་ལན་མ་འཇལ་བ་ཅིན་
རང་ལུ་ལ་ཡོག་འཁོར་ནི་ངེས་ཏིག་ཨིནམ་ལས་ ཕམ་གི་དྲིན་ལན་འདི་ངེས་པར་དུ་འཇལ་དགོཔ་ཨིན། རྒྱུ་མཚན་འདི་ལུ་དགོངས་ཏེ་
(བློ་བཟང་བཤད་སྒྲུབ་རྒྱ་མཚོ།, nd) མཆོག་གིས་
“འདིར་ཚོགས་རྒན་གཞོན་སེར་སྐྱ་ཕོ་མོ་རྣམས། །དུས་རྒྱུན་ཕ་མའི་དགེ་རྩ་སྒྲུབ་ལ་རེམ། །འདི་འདྲའི་ལ་ཡོག་རང་ལ་ཡོང་ངེས་ཡིན།
།” ཟེར་གསུངས་བཞག་ནུག །
གཞན་ཡང་
(ཐབས་མཁས་པ་ཆེན་པོ་དྲིན་ལན་གསབ་པའི་མདོ།, nd)
ནང་ལུ་གསུངས་མི་འདི་མཇལ་བ་ཅིན་ སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གིས་འཁོར་ཚུ་ལུ་ ཐབས་མཁས་པ་ཆེན་པོ་དྲི་ལན་བསབ་པའི་མདོ་སྡེ་ཟེར་མི་འདི་གསུངས་ནུག་
འདི་གསུངས་དགོ་པའི་རྒྱུ་མཚན་འདི་ཡང་ བྱང་ཆུབ་སེམས་དཔའ་ཚུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་གི་དོན་ལས་དང་།
དེ་ལས་སོ་སོའི་སྐྱེས་བོ་ཚུ་གིས་ ཕམ་ལུ་དྲིན་ལན་འཇལ་དགོཔ་ཨིནམ་ཤེས་ཚུགས་ནི་གི་དོན་ལས་ཨིནམ་མ་ཚད་
དྲིན་ཟེར་མི་འདི་ལྕི་བ་ཨིནམ་ཤེས་ཚུགས་ནི་དོན་ལས་ གསུངས་གནང་ཡི་ཟེར་ཨིན་པས། སངས་རྒྱས་ཀྱིས་གསུངས་མི་འདི་མཇལ་ལྟ་བ་ཅིན་ དྲིན་འདི་ལྕི་བ་ཨིནམ་ལས་
ངེས་པར་དུ་ དྲིན་ལན་འཇལ་དགོཔ་ཨིན་པའི་ཁུངས་འདི་ཡང་ཤེས་ཚུགས་པས། དེ་འབདཝ་ལས་ (མགོན་པོ་ཀླུ་སྒྲུབ།, nd) མཆོག་གིས་ཡང་ “གང་དག་ཕ་དང་མ་ལ་མཆོད་པ་ཡི།
།རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས།
།” ཟེར་ཕ་མ་ལུ་ཞབས་ཏོག་ ལེགས་ཤོམ་འབད་ཞུ་བ་ཅིན་ མི་འདི་འཇིག་རྟེན་ནང་ལུ་ ཕྱག་མཆོད་ཕུལ་སའི་ཡུལ་དུ་འགྱུར་ནི་ཨིནམ་མ་ཚད་
ཚེ་ད་ལྟོ་སྙན་གྲགས་འཐོབ་ནི་དང་། ཚེ་ཕྱི་མ་མཐོ་རིས་ལུ་སྐྱེ་འོང་ཟེར་ཨིན་པས། དེ་འབདཝ་ལས་
ཚེ་ཕྱི་མ་ མཐོ་རིས་ལྷ་མི་གི་གོ་འཕང་ཐོབ་སྟེ་ བདེ་སྐྱིད་ཀྱི་ངང་ལུ་བསྡད་དགོ་པ་ཅིན་ ཕམ་ལུ་
ལུས་ངག་ཡིད་གསུམ་ཐོག་ལས་ ཕྱག་དང་ཞབས་ཏོག་ གང་དྲག་ཞུ་དགོཔ་ཨིནམ་པས།
འདི་བཟུམ་སྦེ་རང་ (བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།, nd) མཆོག་གིས་ཡང་
“ཁྱད་པར་ལུས་ཅན་སྐྱེ་བོ་ཀུན། །བདེ་བ་མི་འདོད་སུ་ཡང་མེད། །བདེ་སྡུག་རྒྱུ་འབྲས་མི་བསླུ་བས།
།སྤང་བླང་མ་ནོར་སྒྲུབ་པ་གཅེས། །དཀོན་མཆོག་གསུམ་ལ་དད་གུས་བསྐྱེད། །དམ་པའི་ལྷ་ཆོས་བཙལ་ཞིང་སྒྲུབས།
།ཕ་དང་མ་ལ་དྲིན་ལན་ལྡོན། །ཡོན་ཏན་ཅན་ལ་མཐོང་ཆེར་བྱ། །” ཟེར་གསུངས་ཡོད་མི་འཇལ་འདི་འབད་རུང་
བདེ་སྡུག་གི་རྒྱུ་འབྲས་མི་བསླུ་བ་ཨིནམ་ལས་ དཀོ་མཆོག་གསུམ་ལུ་དད་གུས་བསྐྱེད། དམ་པའི་ཆོས་སྒྲུབ་ནི་རྐྱངམ་ཅིག་གི་མ་ཚད་པར་
དྲིན་ཆེ་བའི་ཕམ་ལུ་ དྲིན་འཇལ་དགོ་ཟེར་གསུངས་གནང་ནུག དེ་འབདཝ་ལས་ ཕམ་ལུ་ཞབས་ཏོག་ཞུ་ཐོག་ལས་
དྲིན་འཇལ་མི་འདི་ཡང་ ཡ་རབས་ཀྱི་བྱ་སྤྱོད་གཅིག་ཨིནམ་ལས་ ཡ་རབས་ཀྱི་བྱ་སྤྱོད་འདི་ལུ་བརྟེན་ཏེ་
ཚེ་འདི་དང་ཕྱི་མ་གཉིས་ཀ་ལུ་བདེ་བ་ཐོབ་ཚུགས་མ་ཚད་ ཐར་པའི་ལམ་ཐོབ་ཚུགས་པའི་དགོས་པ་ཡང་ཡོདཔ་ཨིན།
དེ་འབདཝ་ལས་ (ཇུ་མི་ཕམ།, nd) མཆོག་གིས་གསུངས་མི་ནང་ “ཡ་རབས་ལམ་ནས་འདི་ཕྱི་བདེ།
།མ་རབས་ལམ་ནས་འདི་ཕྱིར་ཕུང་། །ཡ་རབས་ཆུང་ངུ་འཇིག་རྟེན་ལུགས། །ཡ་རབས་ཆེན་པོ་འཕགས་པའི་ལམ།
།མི་ཆོས་ཆོས་ཀྱི་རྩ་བ་ཡིན། །” ཟེར་གསུངས་ནུག། དེ་ལས་འདི་བཟུམ་སྦེ་རང་ (རྫ་དཔལ་སྤྲུལ།, ༡༩༩༦) མཆོག་གིས་
གོང་མ་བཀུར་ལུགས། འོག་མ་སྐྱོང་ལུགས།
མཉམ་པོར་འགྲོགས་ལུགས་ འདི་ཚུ་རང་གིས་ཚུལ་དང་མཐུན་སྦེ་ཉམས་སུ་ལེན་དགོ་ འདི་བཟུམ་འབད་བབ་ཅིན་
ཚེ་འདི་ལུ་བདེ་སྐྱིད་ཐོབ་ནི་ཨིནམ་མ་ཚད་ ཕྱི་མ་ཐར་པའི་ལམ་ཡང་འཐོབ་ཚུགས་ཟེར་གསུངས་ནུག
དེ་འབདཝ་ལས་ ང་བཅས་མི་ཆེ་འབྲིང་ཆུང་གསུམ་ག་ར་ བདེ་བ་དགོ་མི་ཤ་སྟག་ཨིནམ་ལས་ ཚེ་འི་ཕྱི་གཉིས་ལུ་
བདེ་བ་ཐོབ་ནི་གི་དོན་ལས་ཡང་ དྲིན་ཆེན་ཕམ་གྱི་དྲིན་ལན་འཇལ་དགོཔ་ཨིན་པས།
དྲིན་ལན་འཇལ་དགོ་པའི་ཁུངས་
མདོར་བསྡུ་བ་ཅིན་ ཕམ་འདི་ ཚེ་ད་རིས་ཀྱི་ལུས་དང་སྲོག་བྱིནམ་ཅིག་གི་མ་ཚད་ ཁ་སླབ་ཐངས་དང་ལྟོ་བཟའ་ཐངས་ལས་འགོ་བཟུང་སྟེ་སྟོན་བྱིནམ་ལས་
འཇིག་རྟེན་འདི་ནང་སློབ་དཔོན་ཐོག་མ་ཡང་ ཕམ་གཉིས་ལས་གཞན་མེད། དེ་འབདཝ་ལས་ འཇིག་རྟེན་ནང་ལུ་
ཕམ་གཉིས་ལས་ལྷགཔ་ བཀའ་དྲིན་ཆེས་ཤོས་མེདཔ་ཨིན། གལ་སྲིད་ ཕམ་གཉིས་ལུ་ལན་མ་འཇལ་བ་ ངོ་ལོག་རྐྱབ།
རྡུང་རྫོབ་འབད། དཀའ་ངལ་ནང་ལུ་ཐིམ་སོང་རུང་ མིག་གིས་རང་མ་ལྟ་བར་སྡོད་དེ་ སེམས་ཕམ་བཅུག་བ་ཅིན་
འདི་གིས་རྣམ་སྨིན་རང་ལུ་འཁོར་ནི་ཨིནམ་མ་ཚད་ ཕམ་ལས་སྨོན་ལམ་བཟང་པོ་མི་འཐོབ་ནི་ཨིནམ་ལས་
ཕམ་ལུ་ངོ་ལོག་རྐྱབ་ནིའདི་ ཆོས་དང་འཇིག་རྟེན་གཉིས་ཆ་ལས་འགལ་བ་ཨིནམ་ཤེས་དགོཔ་འདི་ཁག་ཆེ།
ཕམ་ལས་སྨོན་ལམ་བཟང་པོ་མ་ཐོབ་རུང་
ང་ལུ་གནོད་མི་ཚུགས་ཟེར་བ་ཅིན་ དཔྱེ་གཏམ་ལུ་ཡང་ ཕ་མ་བཟང་པོའི་སྨོན་ལམ་ལུ། །འགྱུར་མེད་ཚིག་གི་བདེན་ཚིགས་ཡོད།
།ཟེར་བཤད་དོ་བཟུམ་ རང་གི་བྱ་བ་ལམ་འགྲོ་ལ་སོགས་པ་ཚུ་ལུ་གནོད་ནི་ཨིནམ་མ་ཚད་ མི་ག་ར་གིས་
མི་ངན་སྦེ་བརྩིཝ་ཨིན། ཕམ་ལུ་ཞབས་ཏོག་ཞུ་སྟེ་ སྨོན་ལམ་བཟང་པོ་འཐོབ་པ་ཅིན་ རང་གི་ཚེ་ད་རིས་བྱ་བ་ལམ་འགྲོ་འོང་ནི་དང་
མི་འདི་ཚུ་གིས་ཡང་ ཕ་བཟང་བུ། གྱི་བཟང་གི་ཤུབ་ཟེར་བསྟོད་ས་དང་མིག་དཔེ་བལྟ་ས་གི་ ཡུལ་ལུ་འགྱུར་ནི་ཨིནམ་མ་ཚད་
ཆོས་དང་འཇིག་རྟེན་གཉིས་ཆ་ར་ལས་ ཡ་རབས་བཟང་སྤྱོད་ཀྱི་ཁོངས་སུ་ཚུདཔ་ཨིན། དཔེར་ན་ བླམ་འདི་ཚུ་ལས་
ཐུགས་སྨོན་ཞུ་དགོ་པའི་ རྒྱུ་མཚན་ཡང་ བླམ་ལུ་མཐུ་དང་ནུས་པ་ཡོདཔ་ལས་མེན་པར་ བླམ་འདི་འཇིག་རྟེན་ནང་
བཀའ་དྲིན་ཆེ་ཤོས་སྦེཝ་ལས་ འགྱུར་མེད་ཚིག་གི་བདེན་ཚིགས་ཡོདཔ་ཨིན། འདི་ལུ་ང་བཅས་ཀྱིས་
ཕྱག་དང་ཞབས་ཏོག་ཞུ་སྟེ་ སྨོན་ལམ་བཟང་པོ་ཐོབ་པ་ཅིན་ ཚེ་འདི་དང་ཕྱི་མ་གཉིས་ཆ་ལུ་ ལེགས་ཤོམ་འོང་ཟེར་ཡིད་ཆེས་
བསྐྱེད་དོ་བཟུམ་ ཕམ་ལུ་ཞབས་ཏོག་ཞུ་ཐོག་ལས་ སྨོན་ལམ་བཟང་པོ་འཐོབ་པ་ཅིན་ འདི་ཕྱི་གཉིས་ལུ་ཕན་པའི་དགོ་པ་ཡོདཔ་ལས་
ཕམ་གི་དྲན་ལན་འཇལ་དགོཔ་འདི་ཁག་ཆེ།
དེ་ཡང་ཚིགས་སུ་བཅད་པའི་མདོ།, ༢༠༠༧)
“རྟག་ཏུ་རྒན་རབས་ལ་གུས་ཤིང་། །ཞེས་ས་སྨྲ་བའི་ཚུལ་ཅན་ལ། །ཚེ་དང་མདངས་དང་བདེ་བ་སྟོབས།
།ཆོས་བཞི་དག་ནི་འཕེལ་བར་འགྱུར། །” ཟེར་གསུངས་ནུག་གོ། །།
རྒྱབ་རྟེན་དཔེ་དེབ།
ཆུང་ཚེ་རིང་།. (༢༠༡༨). ལྷ་བབས་དུས་ཆེན།.
བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།. (nd). ལུགས་ཀྱི་བསླབ་བྱ་ལེགས་པར་བཤད་པའི་གཏེར།
. TBRC.
བློ་བཟང་བཤད་སྒྲུབ་རྒྱ་མཚོ།. (nd). ཕ་མའི་དྲིན་གཟོ་དང་འབྲེལ་བའི་མགུར་དབྱངས་མཐར་འདོད་སྙིང་གི་བདུད་རྩི།.
མཆོད་མེད་བོད་ཀྱི་རྩིམ་རིག་དྲ་བ།.
མི་ཕམ།. (nd). ལུགས་ཀྱི་བསྟན་བཅོས་དཔལ་དང་ལྷ་འདུ་བའི་ནོར་བུ་.
nd.
མགོན་པོ་ཀླུ་སྒྲུབ།. (n.d.). དེ་ལས་བཤེས་པའི་སྤྲིང་ཡིག་གི་རྩ་བ་དང་འགྲེལ་པ།.
Taiwan TI161.
རྫ་དཔལ་སྤྲུལ།. (༡༩༩༦). གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་པོ།.
TBRC.
སངས་རྒྱས་བཅོམ་ལྡན་འདས།. (nd). ཐབས་མཁས་པ་ཆེན་པོའི་དྲིན་ལན་གསབ་པའི་མདོ།.
nd.
སངས་རྒྱས་བཅོམ་ལྡན་འདས།
(༢༠༠༧) འཕགས་པ་བརྒྱད་སྟོང་པ་ལས།
སངས་རྒྱས་བཅོམ་ལྡན་འདས།
(༢༠༠༧) ཚིགས་སུ་བཅད་པའི་མདོ།
འབྲེལ་གཏོགས་པ།
༡ མཁན་པོ་འགྱུར་མེད་བློ་གྲོས་རྒྱ་མཚོ།
༢ ཀུན་གསལ་ཕོ་བྲང་སློབ་གྲྭའི་སློབ་དཔོན།
བསྟན་འཛིན་རྡོ་རྗེ།
༣ ཧ་འཇམ་དཔལ་སློབ་གྲྭའི་སློབ་དཔོན། འཇམ་དཔལ་རྒྱལ་མཚན།